ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་བཞི་པ་འཚོགས་པ།

 བོད་རྒྱལ་ལོ་ ༢༡༥༡ བོད་ཟླ་དྲུག་པའི་ཚེས་ ༢༣ ཉིན་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ནོར་བུའི་གླིང་ཕྲན་ཞེས་འབོད་པའི་ཐེ་ཝན་མཚོ་གླིང་གི་རྒྱལ་སའི་ཐའེ་པེ་རུ་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐེ་སྡོད་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་གོ་སྒྲིག་འོག །བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་བླ་སྤྲུལ་རིན་པོ་ཆེ་རྣམ་པ་དང་མཁན་པོ། དགེ་བཤེས། སྐྱབས་གནས་དགེ་འདུན་པ་ཉིས་བརྒྱ་ལས་བརྒལ་བ། གཞན་ཡང་ཐེ་ཝན་གནས་སྡོད་བོད་རིགས་མི་མང་དང་། ས་ཁུལ་གང་ས་ནས་ཕེབས་པའི་དད་ལྡན་མི་མང་ལྷན་འཛོམས་ཀྱིས་ཐེ་ཝན་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་སྐབས་བཞི་པའི་ཚོགས་མཆོད་ཟབ་རྒྱས་ངང་ཚོགས་གནང་ཡོད། དེ་ཡང་ཞིབ་འཇུག་ཚོགས་པའི་འགན་འཛིན་རྒྱུན་ལས་གནང་བཞིན་པ་ཀ་ཐོག་རིག་འཛིན་ཆེན་མོ་མཆོག་གིས་དབུ་བཞུགས་ཀྱིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་དང་འབྲེལ་བའི་སྒོ་ནས་ཆོ་ག་དང་ཚོགས་མཆོད་རྒྱས་པ་འབུལ་གནང་བ་དང་། ལས་ཐོག་ཞིབ་འཇུག་ཚོགས་པའི་འགན་འཛིན་ཚོགས་གཙོ་རྫོང་སར་མཁན་པོ་ཚེ་དབང་རིག་འཛིན་མཆོག་གིས་སྤྱིར་ལོ་སྔ་མར་འབུམ་ཚོགས་རྒྱལ་ས་དང་ས་ཐག་ཅུང་ཟད་རིང་པའི་རི་མགོ་ཞིག་ཏུ་འཚོགས་བཞིན་ཡོད་པ་དང་། ཚོགས་ཞུགས་ཀྱང་བོད་བརྒྱུད་དགེ་འདུན་པ་དང་། བོད་རིགས་ཙམ་ཞིག་ཡིན་ན་ཡང་། ས་གནས་ཐའེ་ཝན་རང་ལ་ཡིན་ཙང་འདི་ལོ་ནས་སུ་ཡིན་ཡང་མཉམ་ཞུགས་ཐུབ་པ་ཡོང་ཆེད་དང་། འགྲིམ་འགྲུལ་སོགས་ཀྱི་བདེ་འཇགས་ཀྱི་ཆེད་བཅས་ཕྱོགས་མང་པོར་དགོངས་པ་བཞེས་ནས་ཐའེ་པེ་གྲོང་ཁྱེར་རང་དུ་གོ་སྒྲིག་ཞུས་པ་ཡིན་ཚུལ་དང་། དེ་བཞིན་སྤྱིར་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་བོད་ཀྱི་ས་ཁུལ་ཕལ་མོ་ཆེ་ནས་ལོ་ལྟར་འཚོགས་བཞིན་པའི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་རྗེ་དང་ཕྲིན་ལས་སྐུལ་བའི་ཚོགས་མཆོད་གལ་ཆེ་ཞིག་ཡིན་པ་དང་། དེ་ཡང་ཐོག་མར་དུས་རབས་བརྒྱད་པའི་ནང་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེའི་བཙན་གྱི་སྐབས་སུ་བོད་ཡུལ་གངས་ཅན་གྱི་ལྗོངས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས་ཏེ་སློབ་དཔོན་རིན་པོ་ཆེའི་ཕྲིན་ལས་དབུ་བརྙེས་ནས་བཟུང་། བར་དུ་རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་སུ་སློབ་དཔོན་རིན་པོ་ཆེའི་ཐུགས་རྗེ་དང་ཕྲིན་ལས་སྐུལ་རྒྱུའི་དགོས་པ་ཆེན་པོར་གཟིགས་ཏེ། རྒྱལ་སའི་ལྷ་ས་གཙོ་བོར་གྱུར་པའི་བོད་ཀྱི་ས་ཁུལ་ཁག་མང་པོར་མ་ཧཱ་གུ་རུའི་ཚོགས་མཆོད་སྲོལ་གཙུགས་པའི་ལོ་རྒྱུས་ཡོད་པ་དང་། ཉེ་བའི་དུས་རབས་ཀྱི་ནང་དུ་རིས་མེད་བསྟན་པ་ཡོངས་རྫོགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐས་ཡས། གཏེར་ཆེན་མཆོག་གྱུར་གླིང་པ། གསང་བདག་བློ་གཏེར་དབང་པོའི་སོགས་ཀྱིས་ཀྱང་བོད་བརྒྱུད་ནང་བསྟན་དང་གུ་རུ་རིན་པོ་ཆེའི་ཕྲིན་ལས་འབྲལ་ཐབས་མེད་པ་ཡིན་པ་དང་། གུ་རུ་རིན་པོ་ཆེའི་ཐུགས་རྗེ་སྐུལ་རྒྱུ་གལ་ཆེ་ཡིན་པའི་སྐོར་ཡང་ཡང་གསུངས་ཡོད་པ་དང་། ཡང་སྒོས་སུ་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན།༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་བཙན་བྱོལ་ཕེབས་མ་ཐག་ཏུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་གཙོར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ཀྱི་ལུང་བསྟན་ལྟར་གུ་རུ་རིན་པོ་ཆེའི་སྐུ་སྤུས་ལེགས་གསར་བཞེངས་གནང་སྟེ། བཞུགས་སྒར་ནས་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་དབུར་ཚུགས་ནས་ད་ལྟའི་ཆར་འཛམ་གླིང་གང་སར་བོད་རིགས་གནས་སྡོད་ཚང་མ་ལ་མ་ཧཱ་འབུམ་ཚོགས་མོ་ཚོགས་དང་ཚོགས་མུས་སུ་ཡིན་པ་སྟེ། རྒྱུ་མཚན་འདི་དག་བརྟེན་ནས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་ཐེ་སྡོད་བོད་རིགས་ཚོགས་པ་གཉིས་མཉམ་འབྲེལ་ཐོག་ལོ་ཤས་སྔོན་ནས་གུ་རུའི་འབུམ་ཚོགས་ཆེན་མོ་དབུ་འཛུགས་གནང་བ་ཞིག་ཡིན་ཚུལ་སོགས་ཀྱི་ཐད་ངོ་སྤྲོད་རྒྱས་པ་གནང་ཡོད།

མདོར་ན་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ནི། རྒྱལ་བསྟན་སྤྱིར་དང་བྱེ་བྲག་ཕྱོགས་དུས་ཀུན་ཏུ་རྒྱས་པ་དང་། དེ་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་༸སྐྱབས་མགོན་ཆེན་པོ་དབུས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་ཐམས་ཅད་སྐུ་ཚེ་ཡུན་ཏུ་བརྟན་པ། དེ་དག་གི་ནུས་མཐུ་ལ་བརྟེན་ནས་འཛམ་གླིང་ཞི་བདེ་ཡོང་བ། སྐྱེ་འགྲོ་སེམས་ཅན་བདེ་དགའ་རྒྱ་མཚོའི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་སོགས་ཀྱི་ཆེད་དུ་དམིགས་པའི་སྤྱི་རིམ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཚུལ་དང་། ད་དུང་ཞིབ་འཇུག་ཚོགས་པའི་སྟོན་པའི་འཁྲུངས་སྐར་གྱི་སྐོར་དང་། གུ་རུའི་འབུམ ཚོགས་ཀྱི་སྐོར། ཐའེ་ཝན་གྱི་ས་ཁུལ་ལ་རང་བྱུང་གི་གནོད་འཚེ་སོགས་བྱུང་སྐབས་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་ཚུལ་སོགས་ཞིབ་ཕྲ་ཞུས་གནང་བར་མ་ཟད། བོད་བརྒྱུད་ཆོས་བརྒྱུད་རིས་མེད་ཀྱི་དགེ་འདུན་པ་ཉིས་བརྒྱར་ཉེ་བ་དང་། དེའི་ཐོག་ཏུ་རྒྱ་བརྒྱུད་ཀྱི་དགེ་འདུན་པ་དང་བཙུན་མ། ཐའེ་སྡོད་བོད་རིགས་དང་ས་གནས་ཡུལ་མི་བཅས་ཁྱོན་མི་མང་ལྔ་བརྒྱར་ཉེ་བ་ཞིག་མཉམ་ཞུགས་གནང་ཡོད་པ་དང་། རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་དྲུང་ཆེ་སོགས་ཀྱང་ཆེད་ཕེབས་ཀྱིས་མཉམ་ཞུགས་གནང་ཡོད། ཐེངས་འདིའི་སྤྱིའི་འགྲོ་སོང་དང་། དགེ་འདུན་པའི་སྐུ་མགྱེད་སོགས་ཁྱོན་ཡོངས་ནས་ཐའེ་ཝན་སྒོར་མོ་འབུམ་བརྒྱད་ཡས་མས་སོང་ཡོད་པ་དང་། དེ་ཡང་ཞིབ་འཇུག་ཚོགས་པའི་འགན་འཛིན་རྣམ་པས་གཙོས་པའི་དགེ་འདུན་པ་དང་མི་མང་གིས་དང་བླངས་ཞལ་འདེབས་ཕུལ་བ་རང་གི་ཐོག་ནས་འགྲོ་གྲོན་བཏང་ཡོད་པ་ལས་ཐའེ་ཝན་མི་མང་ལ་ཆེད་དུ་ཞལ་འདེབས་བསྡུ་བ་སོགས་བྱས་མེད་པ་དང་། ཕེབས་མཁན་བླ་སྤྲུལ་དགེ་བཤེས་དགེ་འདུན་པ་དག་ཀྱང་སྐབས་ཐོག་རྡོ་རྗེ་སློབ་དཔོན་གྲལ་དབུར་བཞུགས་པ་ཙམ་ལས་གཞན་གདན་ཐོབ་འདྲ་མཉམ་སོགས་ཞིབ་འཇུག་ཚོགས་པའི་སྔར་ཡོད་ཀྱི་ཕྱག་ལེན་བཞིན་གནང་ཡོད།

མཇུག་ཏུ། ཞིབ་ཚོགས་ཚོགས་གཞོན་སེར་བྱེས་དགེ་བཤེས་སྣང་སྣང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་ཚོགས་པ་ཡོངས་སུ་ལེགས་པར་གྲུབ་ཡོད། སྐབས་ཐོག་ཚོགས་པ་འདི་ནི་ཚོགས་གཙོ་མཁན་པོ་ཚེ་དབང་རིག་འཛིན་གྱི་དབུས་པའི་ཐའེ་ཝན་དུ་བཞུགས་བཞིན་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ཚོགས་མི་ཐུན་མོང་གིས་གཙོ་འགན་བཞེས་པའི་ཐོག་ནས་ཐའེ་སྡོད་བོད་རིགས་ཚོགས་པའི་རྒྱུན་ལས་བཅས་མཉམ་དུ་འགན་ཁུར་ཕྱག་ལས་གནང་ཡོད།

གསར་གནས་མཁོ་སྤྲོད་པ། ཞིབ་ཚོགས་ཡིག་ཚང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།