ཐའེ་ཝན་དུ་མ་ཧཱ་གུ་རུའི་འབུམ་ཚོགས་ཐེངས་དང་པོ།
ཐའེ་སྡོད་བོད་རིགས་སྤྱི་དང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་པའི་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་མཁན་སྤྲུལ་དགེ་བཤེས་སོགས་རིས་མེད་དགེ་འདུན་པ་བརྒྱ་ལ་ཉེ་བ་ཞིག་དང་། ས་གནས་ཀྱི་བོད་རིགས་མི་མང་བརྒྱ་ལྷག་བཅས་ལྷན་འཛོམས་ཀྱིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་དང་པོ་དེ་ཉིད་སྤྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༤ དང་། བོད་ཟླ་དགུ་པ་ཕྱི་མའི་ཚེས་བཅུ་གུ་རུ་རིན་པོ་ཆེའི་དུས་ཆེན་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས་ཡོད་པ་རེད།
ཐའེ་སྡོད་བོད་རིགས་སྤྱི་དང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་པའི་ཐའེ་ཝན་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་མཁན་སྤྲུལ་དགེ་བཤེས་སོགས་རིས་མེད་དགེ་འདུན་པ་བརྒྱ་ལ་ཉེ་བ་ཞིག་དང་། ས་གནས་ཀྱི་བོད་རིགས་མི་མང་བརྒྱ་ལྷག་བཅས་ལྷན་འཛོམས་ཀྱིས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མ་ཧཱ་གུ་རུའི་འབུམ་ཚོགས་ཆེན་མོ་ཐེངས་དང་པོ་དེ་ཉིད་སྤྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༤ དང་། བོད་ཟླ་དགུ་པ་ཕྱི་མའི་ཚེས་བཅུ་གུ་རུ་རིན་པོ་ཆེའི་དུས་ཆེན་ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེར་འཚོགས་ཡོད་པ་རེད།
ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ངོས་ནས་འབུམ་ཚོགས་འདི་འདྲ་ཞིག་འཚོགས་དགོས་པའི་དམིགས་ཡུལ་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། “སློབ་དཔོན་རིན་པོ་ཆེ་ནི་བོད་ཁ་བ་ཅན་གྱི་ཐུན་མོང་མིན་པའི་ལྷ་སྐལ་ཡིན་པར་མ་ཟད། ༧རྒྱལ་དབང་ལྔ་པ་ཆེན་པོའི་དུས་ནས་བོད་ཀྱི་གཞུང་ས་དང་རྫོང་ཆེན་ཁག་ཏུའང་དམིགས་བསལ་གྱིས་བསྟན་འགྲོའི་རྒུད་པ་ཞི་བའི་ཆེད་དུ་དམིགས་པའི་ཚེས་བཅུའི་དུས་མཆོད་གཏན་འཇགས་ཀྱི་སྲོལ་གཏོད་པ་དང་། དུས་འདིར་ཡང་ལྷ་བླའི་དགོངས་པ་གཅིག་མཐུན་གྱིས་སྤྱི་མཐུན་གྱི་བསོད་ནམས་གསོག་པ་དང་། ཕྱི་ནང་གི་བར་ཆད་སེལ་བར་གུ་རུ་རིན་པོ་ཆེར་གསོལ་བ་འདེབས་པ་ལས་གལ་ཆེ་བ་མེད་པའི་བཀའ་ལུང་ཡང་ཡང་གནང་བའི་དགོངས་དོན་བཞིན། བཞུགས་སྒར་གཙོ་བོར་གྱུར་པའི་ས་གནས་དུ་མར་གུ་རུའི་ཚོགས་འབུམ་ཆེན་མོ་ལོ་རེ་བཞིན་འཚོགས་ཀྱི་ཡོད་པ་ལྟར། དུས་སུ་བབས་པའི་བསྟན་འགྲོ་སྤྱི་རིམ་ཞིག་ཡིན་པ་ལྟར། ཐའེ་ཝན་འདིར་ཡང་ཚོགས་འབུམ་འདི་འདྲ་ཞིག་ཚུགས་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་མཐོང་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་ལ། ད་ལྟའི་ཆར་ཡང་བོད་ཁ་བ་གངས་ཅན་གྱི་ལྗོངས་དང་། ཐའ་ེཝན་ས་གནས་ཀྱིས་མཚོན་པའི་འཛམ་གླིང་སྤྱི་དང་བྱེ་བྲག་གི་ཁམས་སུ་ནད་ཡམས་སོགས་དུས་ཀྱི་རྒུད་པ་མཐའ་དག་ཞི་ཞིང་། འགྲོ་ཀུན་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་པའི་ཆེད་དུ་ཡིན་”ཞེས་དང་། “ཚོགས་པ་འདི་ཉིད་ལོ་རྗེས་མར་ཡང་མུ་མཐུད་འཚོགས་ཆར་ཡོད། འདི་ཉིད་འབྱུང་འགྱུར་ས་གནས་འདིའི་བོད་པ་དག་གི་ལོ་གཅིག་གི་གཏན་འཇགས་ཀྱི་འདུ་འཛོམས་བྱ་ཡུལ་གྱི་ཆོས་དང་རིག་གནས་ཀྱི་དུས་སྟོན་གལ་ཆེན་ཞིག་ཏུ་འགྱུར་ཐུབ་རྒྱུའི་རེ་བ་ཡོད་”ཅེས་ངོ་སྤྲོད་གནང་འདུག
ཚོགས་པ་འདི་ནི་ཁྱད་པར་དུ་བོད་པ་རང་གི་ངོས་ནས་གོ་སྒྲིག་གིས། ས་གནས་ཀྱི་བོད་པ་རང་གི་སྤྱི་ཚོགས་ལ་དམིགས་ནས་འདི་ལྟར་ཚོགས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་དང་། མི་ཚོགས་ཡང་མང་ཤོས་ཤིག་བྱུང་ཡོད་འདུག ཚོགས་ཐོག་ཏུ་ཐའ་ེཝན་དུ་འཚར་ལོངས་བྱུང་བའི་རང་རིགས་ཕྲུ་གུ་དག་གི་ཆེད་དུའང་དམིགས་བསལ་ལག་རྟགས་གོ་སྒྲིག་བྱས་ཡོད་པ་སོགས་གང་ཅིར་དགེ་འདུན་པ་དང་། མི་མང་ཚང་མ་ཧ་ཅང་དགའ་ཚོར་དང་སྤྲོ་སྣང་ཆེན་པོ་བྱུང་ཡོད་འདུག
ཚོགས་པ་འདིར་ཁྱོན་འགྲོ་སོང་ཐའེ་སྒོར་འབུམ་དྲུག་ལྷག་སྟེ་(ཧིན་སྒོར་ཁྲི་བརྒྱ་དྲུག་ཅུ་ལྷག་)སོང་འདུག་པའང་། ཐའེ་ཝན་མི་མང་ལ་ཞལ་འདེབས་ཀྱི་སྐུལ་མ་ཞུས་པ་དེ་འདྲ་མེད་པར། འགྲོ་སོང་ཡོངས་རྫོགས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་འགན་འཛིན་རིན་པོ་ཆེ་རྣམ་པ་དང་། འབྲེལ་ཡོད་དགེ་འདུན་པ། ས་གནས་བོད་རིགས་བཅས་ཀྱི་མ་སྐུལ་དང་བླངས་ཀྱིས་ཞལ་འདེབས་ཕུལ་བ་སོགས་གང་ཅིར་ཚང་མས་རྒྱབ་སྐྱོར་དང་མཉམ་ཞུགས་ཧ་ཅང་ཚད་མཐོ་གནང་བའི་ཐོག་ནས་ཚོགས་པ་འདི་ཕུན་སུམ་ཚོགས་པའི་ངང་ནས་ལེགས་འགྲུབ་བྱུང་ཡོད་པ་རེད།
ད་ཐེངས་ཀྱི་གུ་རུའི་འབུམ་ཚོགས་ཆེན་པོ་འདིར་ཞིབ་འཇུག་ཚོགས་པའི་ངོས་ནས་ནམ་རྒྱུན་ལས་དོན་ཆ་བགོས་ཀྱི་འགྲོ་ཕྱོགས་ལྟར། ཚོགས་གཞོན་སྒྲུབ་དཔོན་བསོད་ནམས་ཉི་མ་དང་། འགན་འཛིན་རྒྱུན་ལས་སེར་བྱེས་དགེ་བཤེས་སྣང་སྣང་གཉིས་ཀྱིས་ཐུགས་འགན་རྐང་བཞེས་གནང་ཡོད་པ་དང་། ཐའེ་སྡོད་བོད་རིགས་ཚོགས་པའི་ངོས་ནས་ཚོགས་གཙོ་བསྟན་འཛིན་རྣམ་དག་གི་དབུས་པའི་རྒྱུན་ལས་ཡོངས་ཀྱིས་འགན་ཁུར་བཞེས་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།