ཐའེ་ཝན་དེ་ཧོང་ཀོང་གཉིས་པ་ལྟ་བུ་མ་ཆགས་པ་བྱེད་དགོས་ཞེས་མང་གཙོ་ཡར་ཐོན་ཚོགས་པས་བརྗོད།

ཧོང་ཀོང་དེ་དབྱིན་ཡུལ་གྱིས་ཕྱིར་རྒྱ་ནག་ལ་སྤྲད་ནས་ད་ཆར་མི་ལོ་༢༧ འགྲོ་བཞིན་ཡོད་འདུག་པ་དང་། ཐོག་མར་ཧོང་ཀོང་རྒྱ་ནག་ལ་སྤྲོད་དུས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ཕྱིར་སྤྲད་ཡོད་ཀྱང་། ད་ཆར་ལམ་ལུགས་གཉིས་ཟེར་བ་དེ་མིང་ཙམ་ལས་དོན་དངོས་སུ་མཐོང་རྒྱུ་མེད་པར་གྱུར་ཟིན་ཡོད་པར་བརྟེན། མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པས་ཐའེ་ཝན་དེ་ཧོང་ཀོང་གཉིས་པ་ལྟ་བུ་མི་འགྱུར་བར་བྱེད་དགོས་པར་བརྗོད་ཡོད་འདུག

པར། Taipeltimes

ཕྱི་ཚེས་༢ ཉིན་(Taipeltimes)ཡིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་ཧོང་ཀོང་རྒྱ་ནག་ལ་ཕྱིར་སྤྲད་ནས་མི་ལོ་༢༧ འཁོར་གྱི་ཡོད་འདུག་པ་དང་། ཐའེ་ཝན་གྱི་རྒྱས་ས་(Taipel)ལ་ཧོང་ཀོང་རྒྱ་ནག་ལ་ཕྱིར་སྤྲོད་བྱས་པའི་དུས་དྲན་ཚོགས་འདུ་ཞིག་གོ་སྒྲིག་བྱས་ཡོད་འདུག སྐབས་དེར་ཐའེ་ཝན་གྱི་མང་གཙོ་ཡར་ཐོན་སྲིད་དོན་ཚོགས་པས་ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་ནས་ཕྱིར་རྒྱ་ནག་ལ་སྤྲད་ཡོད་ཀྱང་། ད་ཆར་ཧོང་ཀོང་ནང་ལམ་ལུགས་གཉིས་དེ་གཅིག་ལ་བཟོས་ནས་འཛིན་སྐྱོང་བྱེད་ཀྱི་ཡོད་པས། མ་འོངས་པར་རྒྱ་ནག་གིས་ཐའེ་ཝན་ལ་ཁས་ལེན་ཇི་ལྟར་བྱས་ཀྱང་ནམ་ཡང་ཡིད་ཆེས་མ་བྱེད་ཅེས་བརྗོད་ཡོད་འདུག་ལ། ཐའེ་ཝན་གྱི་མང་གཙོ་དང་རང་དབང་ལ་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་གང་བཤད་ལ་ཡིད་ཆེས་མ་བྱེད། ཧོང་ཀོང་ནང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་མེད་པ་བཟོ་སྟངས་དེ་རྒྱ་ནག་གཞུང་གི་ཐབས་བྱུས་ཤིག་ཡིན་པ་དང་། ཁོང་ཚོས་ཁྲིམས་ལུགས་བེད་སྤྱོད་བྱས་ནས་ཧོང་ཀོང་ནང་གི་ཆབ་སྲིད་དང་དཔལ་འབྱོར། འགྲོ་འདུག་རང་དབང་། འགྲོ་བ་མིའི་ཐོབ་ཐང་། མང་གཙོ་སོགས་ཡོད་ཚད་དམ་དྲག་བྱེད་ཀྱི་ཡོད། དེ་ནི་ཐའེ་ཝན་ལ་བསླབ་བྱ་ཆེན་པོ་ཞིག་རེད། འདས་པའི་ལོ་རྒྱུས་ལ་བལྟས་ནས་གཅིག་བསྡུའི་དབང་འཛིན་པའི་གཞུང་ཞིག་ལ་ནམ་ཡང་ཡིད་ཆེས་མ་བྱེད་ཅེས་བརྗོད་འདུག ཧོང་ཀོང་དེ་ཐོག་མར་ཕྱིར་སྤྲོད་དུས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་འོག་མི་ལོ་༥༠ རིང་བསྡད་རྒྱུ་བྱས་ཡོད་ཀྱང་།

པར། Taipeltimes

ལོ་༥༠ མ་ཟིན་སྔོན་ནས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཅིག་གི་སྲིད་བྱུས་ལ་བསྒྱུར་ནས་སྔར་གང་བཤད་པ་རྣམས་རྫུན་མར་གྱུར་ཟིན་པ་དང་། ད་ཆར་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་ཞིག་ལག་བསྟར་བྱས་ནས་རང་དབང་ཡོངས་རྫོགས་ཕྱིར་བསྡུ་བྱས་ཟིན་པའི་སྐོར་ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་མགྲིན་ཚབ་པ(Justin Wu (吳崢)ཟེར་བ་དེས་བརྗོད་འདུག ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་ཟེར་བ་དེ་ཕྱི་ལོ་༢༠༢༠ ལོར་ལག་བསྟར་བྱེད་འགོ་བཙུགས་འདུག་པ་དང་། གཞི་རྩའི་ཁྲིམས་ལུགས་ཟེར་བ་ཞིག་འདི་ལོའི་ཕྱི་ཟླ་༣ པའི་ནང་ལག་བསྟར་བྱེད་འགོ་བཙུགས་ཡོད་འདུག ཁྲིམས་ལུགས་དེ་དག་གི་འོག་ནས་ཧོང་ཀོང་ནང་དུ་ད་ཆར་དམ་དྲག་ཇེ་ཆེ་དང་འགྲོ་འདུག་རང་དབང་ཇེ་ཆུང་དུ་ཕྱིན་ཡོད་འདུག ཧོང་ཀོང་ནང་རང་དབང་དང་མང་གཙོ་སོགས་ཀྱི་ཆེད་དུ་ཕྱི་ཕྱོགས་ཀྱི་ཚོགས་པ་ཁག་ནང་ལས་ཀ་བྱེད་མཁན་ཚོར་འདྲི་རྩད་བྱེད་པ་དང་། བཙོན་ནང་འཇུག་པ་སོགས་བྱེད་ཀྱི་ཡོད་འདུག ད་དུང་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་དོན་ལ། ཐའེ་ཝན་གྱི་མི་མང་སུ་འདྲ་ཞིག་གིས་ཐའེ་ཝན་རང་བཙན་བརྩད་ན། རྒྱ་ནག་གི་ཁྲིམས་ཁང་ནང་ཁྲིམས་ཐག་བཅད་ནས་ཉེས་ཆད་གཅོད་ཆོག་པ་སོགས་རྗོད་ཀྱི་ཡོད་འདུག (Hung)ཟེར་བ་ཞིག་གིས་ཐའེ་ཝན་ནང་ད་དུང་རྒྱ་ནག་གིས་གང་བཤད་ལ་ཡིད་ཆེས་བྱེད་མཁན་ཡོད་པས། ང་ཚོས་ངེས་པར་དུ་གཟབ་གཟབ་བྱེད་དགོས། རྒྱ་ནག་གིས་བོད་དང་ཧོང་ཀོང་གཉིས་དང་ལྷན་དུ་གྲོས་མཐུན་མང་པོ་བཞག་ཡོད་ཀྱང་། ད་ཆར་གང་འདྲ་ཆགས་ཡོད་མེད་ཤེས་གསལ་རེད། དེ་དག་ནི་ང་ཚོས་ངེས་པར་དུ་ལེན་དགོས་པའི་བསླབ་བྱ་རེད། མ་འོངས་པར་ཐའེ་ཝན་གྱི་མང་གཙོ་དང་རང་དབང་གཉིས་བདམས་ནས་རྒྱ་ནག་གིས་གང་བཤད་ལ་ཡིད་ཆེས་བྱེད་མི་ཉེན་ཞེས་བརྗོད་འདུག །

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།