ཐའེ་ཝན་མཉམ་འབྲེལ་རྒྱལ་ཁབ་ནང་ཞུགས་ནས་ཐའེ་ཝན་གྱི་རང་བཙན་སྲུང་སྐྱོབ་བྱེད་རྒྱུའི་དམ་བཅའ།
ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་ཨེ་ཕོ་ཁི་དུས་བབ་གསར་ཁང་(The Epoch Times) གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཆར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནི་ཡ་(California) ནང་ཡོད་པའི་ཐའེ་ཝན་གྱི་ཚོགས་པ་ཆེ་ཆུང་ཁག་བརྒྱད་ཀྱིས་ཐའེ་ཝན་དངོས་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མིར་སྒྱུར་བའི་ཆེད་དང་། རྒྱ་ནག་ལས་ཐའེ་ཝན་གྱི་རང་བཙན་བདག་དབང་སྲུང་སྐྱོབ་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག
ཟླ་འདིའི་ཚེས་༢༠ ཉིན་རྒྱལ་སྤྱིའི་ཨེ་ཕོ་ཁི་དུས་བབ་གསར་ཁང་(The Epoch Times) གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཆར་ཨ་རིའི་མངའ་སྡེ་ཁ་ལི་ཧྥོ་ནི་ཡ་(California) ནང་ཡོད་པའི་ཐའེ་ཝན་གྱི་ཚོགས་པ་ཆེ་ཆུང་ཁག་བརྒྱད་ཀྱིས་ཐའེ་ཝན་དངོས་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མིར་སྒྱུར་བའི་ཆེད་དང་། རྒྱ་ནག་ལས་ཐའེ་ཝན་གྱི་རང་བཙན་བདག་དབང་སྲུང་སྐྱོབ་བྱེད་པའི་ལས་འགུལ་སྤེལ་བཞིན་ཡོད་འདུག
དེ་ཡང་ཕྱི་སྡོད་ཐའེ་ཝན་པའི་ཚོགས་པ་དེ་དག་གིས་ཟླ་འདིའི་ཚེས་༡༡ ཉིན་མངའ་སྡེ་དེ་གའི་གྲོང་ཁྱེར་མལ་ཕེ་ཋ་(Milpitas) དུ་གསར་འགོད་གསལ་བསྒྲགས་ཀྱི་ཚོགས་འདུ་ཞིག་བསྐོངས་པ་དང་། ཚོགས་འདུ་དེའི་སྟེང་དུ་ཚོགས་གཙོ་ཝན་ཤིན-ལི་(Wenziong Li) ཡིས་“ཐའེ་ཝན་ཐའེ་ཝན་རང་གི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཁབ་ནང་ཞུགས་འདོད་ཡོད་པ་ལས། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཕྱིར་མཉམ་འབྲེལ་རྒྱལ་ཁབ་ནང་ལོག་འདོད་མེད་”ཅེས་བཤད་པ་དང་། ཐའ་ཝན་ཅིའི་ཕྱིར་རྒྱ་ནག་ལས་རང་བཙན་བྱེད་འདོད་དམ་ཞེས་དྲིས་པར། ཁོས་“ང་ཚོ་སོ་སོ་རང་ཉིད་བྱེད་འདོད་ཡོད་”ཅེས་ལན་བཏབས་པའི་ཐོག གལ་སྲིད་ཐའེ་ཝན་མི་མང་གིས་རྟག་ཏུ་རྒྱ་ནག་གི་ཆ་ཤས་ཡིན་དྲན་ན། “ཐའེ་ཝན་ལ་འབྱུང་འགྱུར་ཞིག་མེད་”ཅེས་ཁ་སྣོན་བྱས་ཡོད་འདུག
རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་ཕྱི་ལོ་༡༩༡༢ ནས་༡༩༤༩ བར་རྒྱ་ནག་གི་བདག་དབང་བཟུང་ཡང་། ཕྱི་ལོ་༡༩༤༩ ལོར་རྒྱ་ནག་སྐམ་ས་ཆེན་མོའི་བདག་དབང་ཤོར་རྗེས་ཐའེ་ཝན་དུ་བྲོས་སྟབས། དེ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པར་གྱུར་ཡོད།
ཐའེ་ཝན་གྱི་སྤྱི་ཚོགས་ཁྲོད་མཉམ་འབྲེལ་རྒྱལ་ཁབ་ནང་ཞུགས་པའི་གནད་དོན་དེ་དཀའ་རྙོག་ཅན་ཞིག་ཏུ་གྱུར་ཡོད་འདུག་སྟེ། ཕྱོགས་གཅིག་ནས་རྒྱ་ནག་དང་ཐའེ་ཝན་གོང་བུ་གཅིག་གྱུར་ངང་གནས་འདོད་ཡོད་པའི་མི་རྣམས་ཀྱིས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་མིང་ཐོག་ནས་ཕྱིར་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་འདོད་ཡོད་ཀྱང་། ཡང་ཕྱོགས་གཞན་ཞིག་ནས་རང་བཙན་ལ་འདོད་པ་ཡོད་མཁན་ཚོས་ཐའེ་ཝན་ཞེས་པའི་རྒྱལ་ཁབ་ལོགས་བཀར་ཞིག་གི་མིང་ཐོག་ནས་ཞུགས་འདོད་ཡོད་འདུག
ད་བར་རྒྱ་ནག་དང་རྒྱ་ནག་གི་མཐུན་གྲོགས་རྒྱལ་ཁབ་ཚོས་ཐའེ་ཝན་གྱི་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་པའི་འབད་བརྩོན་དེ་འབྲས་བུ་མེད་པར་བཟོས་ཡོད་ལ། རྒྱ་ནག་གི་གནོན་ཤུགས་འོག་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཐའེ་ཝན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མིའི་ནང་བཅུག་མེད་པ་མ་ཟད། ཐའེ་ཝན་གྱི་ཕྱི་སྐྱོད་ལམ་ཡིག་(passport) འཁྱེར་མཁན་རྣམས་མཉམ་འབྲེལ་རྒྱལ་ཁབ་ཀྱི་སྒོ་རའི་ནང་འཛུལ་མི་ཆོག་པ་དང་། ཐའེ་ཝན་གྱི་གསར་འགོད་པ་རྣམས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལས་འགུལ་ནང་མཉམ་ཞུགས་མི་ཆོག་པ་བཟོས་ཡོད་འདུག
དེ་ཡིས་མ་ཚད་ཐའེ་ཝན་རང་གི་རྩ་ཁྲིམས་ཀྱིས་ཀྱང་ཐའེ་ཝན་མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་པར་འགོག་རྐྱེན་བཟོ་ཡི་ཡོད་འདུག་སྟེ། ཐའེ་ཝན་གྱི་རྩ་ཁྲིམས་ནང་རྒྱ་ནག་སྐམ་ས་ཆེན་མོ་དང་ཐའེ་ཝན་གཉིས་ཀའི་བདག་དབང་ཡོད་ཚུལ་འཁོད་ཡོད་པས། གལ་སྲིད་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཐའེ་ཝན་ཚོགས་མི་ལ་ངོས་འཛིན་བྱས་པ་ཡིན་ན། མཉམ་འབྲེལ་རྒྱལ་ཁབ་ནང་རྒྱ་ནག་གཉིས་དང་ཐའེ་ཝན་གཉིས་ཆགས་ཀྱི་ཡོད་འདུག། (རྒྱ་ནག་གིས་ཀྱང་རྒྱ་ནག་དང་ཐའེ་ཝན་གཉིས་ཀའི་བདག་དབང་ཡོད་ཟེར་གྱི་ཡོད།)
ཐའེ་ཝན་མི་མང་གིས་ཐའེ་ཝན་གྱི་ད་ལྟའི་རྩ་ཁྲིམས་འགྱུར་བ་བཏང་ནས་རྒྱ་ནག་གི་བདག་དབང་མེད་པ་བཟོས་ཏེ་རྒྱལ་ཁབ་ལོགས་བཀར་བྱེད་དགོས་ཚུལ་བཤད་ཀྱི་ཡོད་ཀྱང་། རྒྱ་ནག་གི་དམག་ཤུགས་ལ་འཇིགས་ནས་དེ་ལྟར་ཡོང་ཐུབ་ཀྱི་མེད་ལ། དེ་བཞིན་རྒྱ་ནག་གིས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་ཐའེ་ཝན་རྒྱ་ནག་གི་འོག་བསྡུ་བའི་འབད་བརྩོན་བྱས་དང་བྱེད་མུས་ཡོད་ཀྱང་། ད་ལྟ་ལམ་ལུགས་དེ་ལམ་ལྷོང་མི་ཡོང་བ་ཐའེ་ཝན་མི་མང་གི་མིག་མཐོང་ལག་ཟིན་དུ་གྱུར་ཡོད།
ད་ལོའི་ཧོང་ཀོང་གི་མང་གཙོའི་ངོ་རྒོལ་དེ་བྱུང་ནས་ཟླ་བ་གསུམ་ལྷག་ཕྱིན་ཟིན་པ་མ་ཟད། ད་དུང་ཡང་མཚམས་འཇོག་པའི་རྣམ་པ་མེད་པར་མུ་མཐུད་འགྲོ་བཞིན་ཡོད་པས། ཐའེ་ཝན་གྱི་མི་མང་ཚོའི་རང་བཙན་སྲུང་སྐྱོབ་བྱེད་པའི་འབོད་ཚིག་དེ་སྔར་འབྱུང་མྱོང་མེད་པའི་མཐོན་པོར་གྱུར་ཡོད་ལ། གོང་སྨོས་ཕྱི་སྡོད་ཐའེ་ཝན་བའི་ཚོགས་པ་གཅིག་གི་ཚོགས་གཙོས་“གལ་སྲིད་མཉམ་འབྲེལ་རྒྱལ་ཁབ་ཀྱིས་ཐའེ་ཝན་ངོས་ལེན་མ་བྱས་ན། དེ་ནས་མཉམ་འབྲེལ་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཁབ་ཅེས་པ་མི་ཐོགས། དེ་ལས་ཚད་བཀག་ཅན་གྱི་མཉམ་འབྲེལ་རྒྱལ་ཁབ་སམ། ཡང་ན་བདམས་གྲུབ་རྒྱལ་ཁབ་ཅེས་བཏག་ན་ལེགས”ཞེས་བརྗོད་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།