ཐའེ་ཝན་མི་མང་གི་བརྒྱ་ཆ་༧༢ ལྷག་རྒྱལ་སྲུང་དམག་ལ་ཞུགས་འདོད་ཡོད་འདུག
གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན། ཐའེ་ཝན་མི་མང་གི་བརྒྱ་ཆ་༧༢.༥ རྒྱལ་སྲུང་དམག་ལ་ཞུགས་འདོད་ཡོད་འདུག
གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱས་པ་ཡིན་ན། ཐའེ་ཝན་མི་མང་གི་བརྒྱ་ཆ་༧༢.༥ རྒྱལ་སྲུང་དམག་ལ་ཞུགས་འདོད་ཡོད་འདུག
ཁ་སང་རེས་གཟའ་ལྷག་པའི་ཉིན་ཐའེ་ཝན་མང་གཙོའི་ཐེབས་རྩ་ཁང་(Taiwan Foundation for Democracy) ནས་ལོ་འཁོར་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་སྙན་ཐོ་ཞིག་བཏོན་པའི་ནང་། ཐའེ་ཝན་མི་མང་གི་བརྒྱ་ཆ་༧༠ ལྷག་གིས་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱས་པ་ཡིན་ན་ཁོ་ཚོ་དམག་ལ་ཞུགས་ནས་རྒྱལ་སྲུང་བྱེད་འདོད་ཡོད་ཚུལ་བཤད་འདུག་པ་མ་ཟད། བརྒྱ་ཆ་༧༥ ལྷག་གིས་ཐའེ་ཝན་གྱི་ཆབ་སྲིད་ལམ་ལུགས་ལེགས་ཤོས་དེ་མང་གཙོའི་ལམ་ལུགས་ཡིན་པའི་བསམ་ཚུལ་ཡང་བཏོན་ཡོད་འདུག
ཁ་སང་སྤེལ་བའི་གསར་འགོད་གསལ་བསྒྲགས་དེའི་ཐོག་ལ། ཐའེ་ཝན་མང་གཙོའི་ཐེབས་རྩ་ཁང་གི་འགན་འཛིན་ཧན-ཡོ་ལིན་(Huang Yu-lin) གྱིས། བསམ་ཚུལ་བསྡུ་ལེན་གྱི་གྲུབ་དོན་དེས་ཐའེ་ཝན་གྱི་མི་མང་ལ་མང་གཙོའི་ལམ་ལུགས་ལ་ཡིད་ཆེས་ཡོད་ཕྱིན། ཆབ་སྲིད་ཀྱི་ཚོགས་པ་གང་ལ་གཏོགས་མིན་ལ་མ་ལྟོས་པར་རྒྱལ་སྲུང་དམག་དམག་ལ་ཞུགས་འདོད་ཡོད་པའི་ར་སྤྲོད་བྱས་ཡོད་ཅེས་བརྗོད་པའི་ཁར། ལོ་ན་ཇི་ཙམ་གཞོན་ན། དེ་ཙམ་གྱིས་རྒྱལ་སྲུང་གི་སེམས་ཤུགས་ཆེ་བ་ཡོད་སྐོར་བཤད་ཡོད་འདུག
ཐེངས་འདིའི་བསམ་ཚུལ་བསྡུ་ལེན་གྱི་ཞིབ་འཇུག་ལ་མཉམ་ཞུགས་བྱེད་མཁན་༡༢༠༠ ལྷག་ཅིག་བྱུང་ཡོད་འདུག་ཅིང་། ཁོ་ཚོ་ལ་ཡོང་སྲིད་པའི་གནས་སྟངས་གཉིས་དང་འབྲེལ་བའི་ཐད་ལ་བསམ་ཚུལ་གང་ཡོད་དྲིས་ནས་བསྡུ་ལེན་བྱས་ཡོད་འདུག་སྟེ། དང་པོ་ཐའེ་ཝན་གྱིས་རང་བཙན་གསལ་བསྒྲགས་བྱས་པར་བརྟེན་ནས་རྒྱ་ནག་གིས་དྲག་རྒོལ་བྱས་པ་དང་། གཉིས་པ་རྒྱ་ནག་གིས་ཐའེ་ཝན་དབང་དུ་སྒྱུར་བའི་དམིགས་ཡུལ་དེ་འགྲུབ་པའི་ཆེད་བཙན་འཛུལ་བྱས་པ་གཉིས་ཡིན་འདུག
རྒྱ་ནག་གིས་ཐེའ་ཝན་དབང་དུ་སྒྱུར་བའི་དམིགས་ཡུལ་འགྲུབ་ཆེད་བཙན་འཛུལ་བྱས་པའི་གནས་སྟངས་འོག། མི་མང་གི་བརྒྱ་༧༢.༥ ཙམ་དམག་ལ་ཞུགས་ནས་རྒྱལ་སྲུང་བྱེད་རྒྱུའི་འདོད་པ་ཡོད་འདུག་ཅིང་། དེ་དག་གི་ཁྲོད་ནས་ཀྱང་བརྒྱ་ཆ་༣༧.༨ ཙམ་དམག་ལ་ཞུགས་འདོད་ཆེན་པོ་དང་། བརྒྱ་ཆ་༣༤.༧ ལ་དམག་ལ་ཞུགས་འདོད་ཡོད་འདུག
གལ་སྲིད་ཐའེ་ཝན་གྱིས་རང་བཙན་བསྒྲགས་ནས་རྒྱ་ནག་གིས་བཙན་འཛུལ་བྱས་པའི་གནས་སྟངས་བྱུང་ན། དམག་ལ་ཞུགས་འདོད་ཡོད་པའི་མིའི་བརྒྱ་ཆ་༡༠ ཙམ་མར་ཆག་ཡོད་འདུག་སྟེ། རྒྱལ་སྲུང་གི་དམག་ལ་ཞུགས་འདོད་ཧ་ཅང་ཆེན་པོ་ཡོད་པའི་མི་མང་བརྒྱ་༣༡.༩ དང་། དམག་ལ་ཞུགས་འདོད་ཡོད་པ་བརྒྱ་ཆ་ ༣༠.༨ ཙམ་ཆགས་ཀྱི་ཡོད་འདུག
ད་ལྟའི་རྒྱ་ནག་གིས་ཐའེ་ཝན་ལ་དྲག་པོའི་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་རྒྱུན་མི་ཆད་པར་བྱེད་ཀྱི་ཡོད་ན་ཡང་། ཨ་རིས་སྣེ་ཁྲིད་པའི་མང་གཙོའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱིས་ཐའེ་ཝན་མཐའ་གཅིག་ཏུ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་གྱི་ཡོད་དེ། ད་ལོའི་ཕྱི་ཟླ་༡༠ པའི་ནང་དུ་ཨ་རིའི་སྲིད་འཛིན་བྷ་ཌན་གྱིས་དངོས་སུ་གལ་སྲིད་རྒྱ་ནག་གིས་ཐའེ་ཝན་ལ་དྲག་རྒོལ་བྱས་པ་ཡིན་ན། ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལངས་ནས་ཐའེ་ཝན་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་བརྗོད་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།