ཐའེ་ཝན་མི་མང་གི་མངོན་འདོད།
རྒྱ་དམར་གཞུང་གི་ངོས་ནས་ཐའེ་ཝན་ནི་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ཧམ་བཤད་བྱེད་བཞིན་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་པའི་སྐབས་སུའང་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་ཐའེ་ཝན་རྒྱ་ནག་གི་ཁོངས་ཡིན་པར་ངོས་འཛིན་དགོས་པའི་དགོས་འདུན་དེ་མཚམས་ཆད་མྱོང་མེད།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༨༦ ཕྱི་ལོ་ ༢༠༢༠/༠༡/༡༤
རྒྱ་དམར་གཞུང་གི་ངོས་ནས་ཐའེ་ཝན་ནི་རྒྱ་ནག་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཞེས་ཧམ་བཤད་བྱེད་བཞིན་ཡོད་པ་དང་། ཕྱིའི་རྒྱལ་ཁབ་ཁག་དང་འབྲེལ་བ་བྱེད་པའི་སྐབས་སུའང་རྒྱ་ནག་གཅིག་གི་སྲིད་བྱུས་ཞེས་ཐའེ་ཝན་རྒྱ་ནག་གི་ཁོངས་ཡིན་པར་ངོས་འཛིན་དགོས་པའི་དགོས་འདུན་དེ་མཚམས་ཆད་མྱོང་མེད། འོན་ཀྱང་ཐའེ་ཝན་གྱི་ངོས་ནས་རྒྱ་དམར་གཞུང་ལ་འབྲེལ་བ་དང་ལྟ་ཚུལ་འཛིན་སྟངས་ཐད་སྐབས་དུས་སོ་སོར་འགྱུར་བ་མང་པོ་ཞིག་བྱུང་ཡོད་ནའང་། ཐའེ་ཝན་གྱི་སྲིད་དོན་ཚོགས་པ་མང་གཙོ་ཡར་ཐོན་ཚོགས་པ་ནི་ཐའེ་ཝན་རང་བཙན་གྱི་ངོ་བོར་མུ་མཐུད་གནས་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་པ་མ་ཟད། དོན་དངོས་སུའང་ད་ལྟའི་ཆར་ཐའེ་ཝན་ནི། ས་ཁོངས་དང་ནང་སྲིད། ཕྱི་འབྲེལ། དམག་དོན། དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་རང་བཙན་གཙང་མའི་ངོ་བོར་གནས་པའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ལ་ཚོང་འབྲེལ་སོགས་ཀྱི་ཆེད་ཐའེ་ཝན་ལ་ངོས་འཛིན་བྱེད་སྟངས་ཀྱི་རྣམ་པའི་ཐོག་ནས་མི་འདྲ་བ་སྣ་ཚོགས་ཤིག་ཡོང་གི་ཡོད།
ཕྱི་ཟླ་༡ ཚེས་༡༡ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུ་དང་། གྲོས་ཚོགས་ཀྱི་འོས་བསྡུ་གཉིས་དུས་གཅིག་ཏུ་བྱས་ཡོད་པ་དང་། སྐབས་འདིར་འོས་བསྡུ་ཆེན་མོ་དེའི་ནང་དངོས་སུ་འོས་འཕེན་མཁན་མི་མང་ས་ཡ་བཅུ་བཞི་དང་འབུམ་གསུམ་ལྷག་(༡༤,༣༠༠,༩༤༠) བྱུང་ཡོད་པའི་ནང་ནས། ཐའེ་ཝན་གྱི་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་དབྱིན་ཝིན་ལ་འོས་འཕེན་མཁན་གྲངས་ས་ཡ་བརྒྱད་དང་ཆིག་འབུམ་བདུན་ཁྲི་(༨,༡༧༠,༢༣༡) ལྷག་བྱུང་ཡོད་པ་དང་། འོས་འཕེན་པ་སྤྱིའི་བརྒྱ་ཆ་༥༧.༡ ཐོབ་ཡོད་པ་རེད། གོ་མིན་ཏང་གི་སྲིད་འཛིན་འོས་མི་ཧན་ཀའོ་ཡུས་ལ་འོས་འཕེན་མཁན་གྲངས་ས་ཡ་ལྔ་དང་ལྔ་འབུམ་ཉིས་ཁྲི་(༥,༥༢༢,༡༡༩) ལྷག་བྱུང་ནས་སྤྱིའི་བརྒྱ་ཆ་༣༨.༦ ཐོབ་ཡོད། འོས་མི་གཞན་གཅིག་དེ་ལ་འོས་གྲངས་འབུམ་དྲུག་(༦༠༨,༥༩༠) ལྷག་དང་སྤྱིའི་བརྒྱ་ཆ་༤.༣ ཐོབ་ནས། སྐབས་འདིར་ཐའེ་ཝན་རང་བཙན་གྱི་ངོ་བོར་མུ་མཐུད་གནས་དགོས་པའི་ལངས་ཕྱོགས་འཛིན་མཁན། ཐའེ་ཝན་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚའེ་དབྱིན་ཝིན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་རེད།
ད་ལན་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་འདིའི་སྐབས་སུ་ཐའེ་ཝན་གྲོས་ཚོགས་སུ་ས་མིག་གྲངས་༡༡༣ ཡོད་པའི་ནང་ནས། མང་གཙོ་ཡར་ཐོན་ཚོགས་པ་རང་ལ་གྲོས་ཚོགས་འཐུས་མི་གྲངས་༦༢ དང་། མང་གཙོ་ཡར་ཐོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྲོས་ཚོགས་འཐུས་མི་གྲངས་༢ བཅས་བསྡོམས་གྲོས་ཚོགས་འཐུས་མི་གྲངས་༦༤ ཐོབ་ནས་མང་མོས་ཆེན་པོ་བྱུང་ཡོད་པ་རེད། ལོ་འདིར་ཡང་ཐའེ་ཝན་གྱི་འོས་བསྡུ་ལ་རྒྱ་ནག་གཞུང་གིས་གནོན་ཤུགས་དང་ཐེ་བྱུས་ཆེན་པོ་བྱས་ཡོད་ནའང་། ཐའེ་ཝན་མི་མང་གི་ངོས་ནས་རྒྱལ་ཁབ་དང་མི་མང་གི་ཁེ་ཕན་དང་མངོན་འདོད་བཅས་གཞི་རྩར་བཟུང་ནས་མུ་མཐུད་ཐའེ་ཝན་དུ་རང་བཙན་གྱི་ངོ་བོར་གནས་དགོས་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་པ་རེད། ད་ལྟ་ཐའེ་ཝན་གྱི་འོས་བསྡུ་ཆེན་མོ་འདི་ལ་ཤུགས་རྐྱེན་ཆེ་ཤོས་གཅིག་ཧོང་ཀོང་ནང་གི་གནས་ཚུལ་དེ་ཡིན་འདུག་པ་དང་། ཧོང་ཀོང་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཆ་རྐྱེན་འོག་རྒྱ་ནག་གི་མངའ་ཁོངས་སུ་ཞུགས་ནས་མི་ལོ་༢༢ ལྷག་གི་གནས་སྟངས་ལ་བལྟས་ན། ཐའེ་ཝན་མི་མང་ལ་བསམ་བློ་དེ་ལྟར་མི་འཁོར་ཀ་མེད་དུ་གྱུར་ཡོད།
ད་ལྟའི་དུས་སུ་ཐའེ་ཝན་ནི་དཔལ་འབྱོར་དང་ཤེས་ཡོན་གྱི་གནས་བབས་ཐོག་ནས་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད་པས། ཐའེ་ཝན་མི་མང་གི་ངོས་ནས་དབྱེ་ཞིབ་གཏིང་ཟབ་བྱས་ནས་འོས་བསྡུའི་སྐབས་འདེམས་ཀ་བྱས་པ་དེ་ནི་ཕྱོགས་གང་ནས་བལྟས་ཀྱང་རླབས་ཆེ་བའི་བྱེད་སྟངས་ཤིག་ཏུ་གྱུར་ཡོད། ད་ལན་ཐའེ་ཝན་མི་མང་གི་འོས་བསྡུའི་གྲུབ་འབྲས་འདི་ལ་གཞིགས་ན་ཐའེ་ཝན་ཙམ་དུ་མ་ཟད། ཧོང་ཀོང་དང་བོད་ཀྱི་གནད་དོན་ཐོག་ནས་བསམ་བློ་ནན་པོ་གཏོང་དགོས་པ་མང་པོ་ཞིག་བྱུང་ཡོད་ཅིང་། ལྷག་པར་དུ་ད་ལན་ཐའེ་ཝན་གྱི་འོས་བསྡུ་འདི་ལ་རྒྱལ་སྤྱིའི་སྟེང་ནས་དོ་སྣང་ཆེན་པོ་བྱས་ཡོད་པ་དང་། ཐའེ་ཝན་ནང་ནས་ཀྱང་སྤྱི་ཚོགས་ཁྲོད་རྒྱབ་ལྗོངས་ཆེན་པོ་ཡོད་པའི་གོ་མིན་ཏང་ཚོགས་པས་ཀྱང་། རྒྱ་དམར་གཞུང་དང་མཉམ་དུ་འབྲེལ་བ་འཛིན་ཕྱོགས་ཀྱི་ཐོག་ལ་བསམ་བློ་བསྐྱར་དུ་གཏོང་དགོས་པ་ཞིག་ཆགས་ཡོད། དེ་བཞིན་མི་མང་གི་རེ་བ་དང་མངོན་འདོད་གཞི་རྩར་བཟུང་ནས་གོ་མིན་ཏང་ཚོགས་པས་སྲིད་བྱུས་དང་ལངས་ཕྱོགས་ལ་དབྱེ་ཞིབ་གསལ་པོ་བྱེད་དགོས་པའི་དྲན་སྐུལ་ཞིག་ཏུའང་གྱུར་ཡོད་ངེས་རེད།
མདོར་ན་ད་ལྟ་རྒྱ་དམར་གཞུང་གི་ཧམ་སེམས་རྒྱ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་གཞུང་གི་དབང་བསྒྱུར་འོག་མནར་གཅོད་མྱོང་བཞིན་པའི་བོད་དང་། ཤར་ཏུར་ཀི་སི་ཐན། ནང་སོག་བཅས་ཀྱི་མི་མང་གིས་རྣམ་འགྱུར་གསལ་པོ་ཞིག་སྟོན་རྒྱུར་སྲོག་གི་ཉེན་ཁ་ཡོད་ཀྱང་། ཧོང་ཀོང་མི་མང་གི་ངོས་ནས་རྣམ་འགྱུར་དེ་རྒྱལ་སྤྱིའི་ཁྱོན་ལ་གསལ་སྟོན་བྱས་པ་ནི། མནར་གཅོད་མྱོང་བཞིན་པའི་མི་རིགས་ཁག་གི་ཚབ་མཚོན་ལྟ་བུར་གྱུར་ཡོད། བོད་ནང་དུ་ཕྱི་ལོ་༢༠༠༩ ནས་བཟུང་རང་ལུས་མེར་སྲེག་གཏོང་མཁན་བརྒྱ་དང་ལྔ་བཅུ་ལྷག་བྱུང་ཡོད་པ་དང་། ཧོང་ཀོང་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་བསྟར་བྱས་ནས་མི་ལོ་༢༢ ལྷག་སོང་བའི་གནས་སྟངས་ལ་བསམ་བློ་བཏང་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སྲིད་བྱུས་དང་ལངས་ཕྱོགས་ལ་དབྱེ་ཞིབ་ཁ་གསལ་ཞིག་བྱེད་རན་པ་དང་། ད་ལྟའི་མི་ཐོག་འདིར་ནུས་པ་ཆེན་པོ་ཞིག་འཐོན་མི་ཐུབ་པའི་དབང་དུ་བཏང་ཡང་། མ་འོངས་པའི་མི་རབས་རྣམས་ཀྱི་ལམ་ཁ་བཀག་པ་ལྟ་བུའི་གནས་སྟངས་ཤིག་བྱུང་ན་ཕྱོགས་གང་ནས་བལྟས་ཀྱང་མི་འགྲིག་པ་ཞིག་ཏུ་འགྱུར་ངེས་རེད།།