ཆེད་བརྗོད།
ཉེ་ཆར་ཡུ་རོབ་ཤར་མའི་རྒྱལ་ཁབ་ལི་ཐི་ནི་ཡས་ (Lithuania) རྒྱལ་ཁབ་དེའི་ནང་ཐའེ་ཝན་རྒྱལ་ཁབ་ཀྱི་མིང་ཐོག་ནས་གཞུང་ཚབ་ཁང་ཞིག་གསར་འཛུགས་བྱས་པར་བརྟེན། རྒྱ་དམར་གཞུང་གིས་རྒྱལ་ཁབ་དེའི་ནང་ཡོད་པའི་གཞུང་ཚབ་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བརྗོད་པ་མ་ཟད། ལི་ཐི་ནི་ཡའི་གཞུང་ཚབ་ཀྱང་པེ་ཅིང་ནས་ཕྱིར་འཐེན་དགོས་ཚུལ་བཤད་ཡོད་ཀྱང་། ལི་ཐི་ནི་ཡ་སྲིད་གཞུང་གིས་རྒྱ་གཞུང་གི་གནོན་ཤུགས་ལ་མགོ་བསྒུར་མེད་པ་རེད། ད་ལྟའི་ཆར་ཐའེ་ཝན་སྲིད་གཞུང་དང་མི་མང་གི་ངོས་ནས་ཐའེ་ཝན་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེའི་ལངས་ཕྱོགས་བརྟན་བཟུང་བྱས་ཡོད་སྟབས། རྒྱལ་སྤྱིའི་ནང་ཐའེ་ཝན་གྱི་ལངས་ཕྱོགས་དང་དོན་དངོས་ཀྱི་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་མང་དུ་འགྲོ་བཞིན་ཡོད། ཨ་རིའི་སོགས་རྒྱལ་ཁབ་མང་པོས་སྔོན་མ་རྒྱ་གཞུང་ལ་བསྟུན་མཁས་ཀྱིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་དང་ཐའེ་ཝན་རྒྱ་ནག་གི་ཁྱབ་ཁོངས་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། དེང་སྐབས་སྲིད་བྱུས་དེར་རིམ་པས་འགྱུར་བ་གཏོང་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་འདུག
སྤྱིར་རྒྱ་གཞུང་གིས་གཡོ་སྒྱུ་དང་ཧམ་ཤེད་ལ་བརྟེན་ནས་འཛམ་གླིང་སྤྱི་ཡོངས་དང་ལྷག་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ཚོང་ལས་དང་དམག་དོན་གྱི་གསང་བ་རྐུ་འཁྱེར་བྱེད་བཞིན་ཡོད་པ་མ་ཟད། ཕྱི་ལོ་༢༠༡༩ ལོའི་རྒྱ་ནད་ཏོག་དབྱིབས་ནད་ཡམས་དེ་ད་བར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་མི་འབོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ལྷག་ལ་ཕོག་ཡོད་པ་དང་། མི་ས་ཡ་བཞི་དང་འབུམ་ལྔ་ལ་ཉེ་བ་འདས་གྲོངས་སུ་གྱུར་ཡོད། ད་དུང་དེ་ཙམ་དུ་མ་ཟད་འཛམ་གླིང་གི་ཁྱོན་ཡོངས་སུ་དཔལ་འབྱོར་གྱི་ཐོག་ནས་མི་སྒེར་དང་། སྤྱི་ཚོགས། རྒྱལ་ཁབ་སོགས་ཆེ་ཆུང་ཚང་མར་ཕྱོགས་གང་ཐད་ནས་གནོད་སྐྱོན་ཆེན་པོ་བྱུང་ཡོད་པ་ནི་རྒྱ་གཞུང་གིས་ཆེད་དུ་ནད་ཡམས་ཁྱབ་བརྡལ་བཏང་བ་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་བཞིན་ཡོད། རྒྱ་གཞུང་ལ་མཚོན་ན་ད་ལྟའི་ཆར་དཔལ་འབྱོར་དང་དམག་དོན་སོགས་གང་ཐད་ནས་ནུས་པ་ཆེན་པོ་ཡོད་ཀྱང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གི་ཁ་གཏད་དུ་གྱུར་ཡོང་བའི་སྐབས་སུ་རང་བཞིན་གྱིས་རྒྱ་ནག་ལ་གྱོང་གུད་འཕོག་རྒྱུ་ཡིན་པ་ནི་སྨྲོས་མི་དགོས་པ་ཞིག་རེད།
ཐའེ་ཝན་སྲིད་གཞུང་དང་མི་མང་གིས་ད་ལྟའི་དུས་འདིར་ཐའེ་ཝན་རང་བཙན་གྱི་ལངས་ཕྱོགས་བརྟན་སྲུང་བྱེད་ཐུབ་མེད་ན། ཐའེ་ཝན་ལ་རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་དང་རྒྱབ་སྐྱོར་གང་ཡང་མི་རག་པ་དང་། རྒྱ་གཞུང་གིས་ཐའེ་ཝན་དབང་བསྒྱུར་བྱ་རྒྱུ་ཁོ་ནའི་ཧམ་སེམས་ཀྱིས། རིང་པོར་མི་ཐོགས་པར་ཐའེ་ཝན་ལ་དཀའ་ངལ་མང་དག་ཅིག་སྤྲད་ངེས་རེད། འོན་ཀྱང་ཐའེ་ཝན་དཔལ་འབྱོར་གྱི་ཐོག་ནས་སྔོན་ཐོན་དང་། ཤེས་ཡོན་གྱི་ཐོག་ནས་རྩེ་ཕུད་ཅན་དུ་གྱུར་ཟིན་པས་རྒྱ་དམར་གཞུང་གི་གཡོ་བྱུས་ལ་མགོ་བོ་མི་སྒུར་བའི་ལངས་ཕྱོགས་དེ། གཞུང་དམངས་གཉིས་ཀྱི་ངོས་ནས་བརྟན་པོ་འཛིན་ཐུབ་ཡོད་པ་ནི། ཐའེ་ཝན་རྒྱལ་ཁབ་དེ་ཉིད་རྒྱུན་རིང་འཚོ་ཐུབ་པའི་སྟོབས་ཤུགས་ཉག་གཅིག་ཏུ་གྱུར་ཡོད། ལྷོ་རྒྱ་མཚོའི་གནད་དོན་སོགས་རྒྱ་གཞུང་དང་མཉམ་རྩོད་རྙོག་ཡོད་པའི་རྒྱལ་ཁབ་མང་དག་ཅིག་ཡོད་པ་དང་། ཨ་ཧྥི་གྷ་ནི་སི་ཐན་གྱི་གནས་ཚུལ་ཐོག་ནས་ཀྱང་རྒྱ་ནག་གིས་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཁ་གཏད་དུ་ལངས་བཞིན་ཡོད་པས། གང་མགྱོགས་དམག་འཁྲུག་གསར་པ་ཞིག་ཀྱང་ཡོང་མི་སྲིད་པ་མ་རེད།
རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁོར་ཡུག་དང་། དཔལ་འབྱོར་སོགས་གང་ཐད་ནས་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་རང་བཙན་ཡོད་པའི་རྒྱལ་ཁབ་ཁག་གིས་ཀྱང་དེ་དང་བསྟུན་ནས་འགྲོ་མ་ཐུབ་ན། རང་བཞིན་གྱིས་རྗེས་ལུས་སུ་འགྱུར་ངེས་ན། བོད་པ་ལྟ་བུ་རྒྱལ་ཁབ་རང་བཙན་ཤོར་ནས་གཞན་གྱི་བཙན་གནོན་འོག་ཡོད་མཁན་དང་། ལྷག་པར་དུ་བཙན་བྱོལ་བོད་གཞུང་ལ་མཚོན་ན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་བོད་དོན་འཐབ་རྩོད་ཉམས་ཆག་ཏུ་མི་འགྲོ་བའི་ཐབས་ལམ་འཚོལ་དགོས་པ་ལས། མུ་མཐུད་དུ་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་འོག་སྡོད་རྒྱུ་ཡིན་པའི་སྲིད་བྱུས་དེ་ཁྱབ་བསྒྲགས་བྱས་བསྡད་ན། ཕྱི་ནང་གང་ས་ནས་བོད་དོན་ནུས་མེད་དུ་འགྱུར་ངེས་པ་མ་ཟད། བཙན་བྱོལ་བོད་གཞུང་ངམ། བོད་མིའི་སྒྲིག་འཛུགས་ལ་ཁ་ཞེ་གཉིས་མེད་ཀྱིས་རྒྱབ་སྐྱོར་རག་ཁག་པོ་རེད། རྒྱ་གཞུང་གི་གཡོ་སྒྱུ་ཁྲམ་གསུམ་དང་། བོད་ནང་དུ་མནར་གཅོད་གཏོང་བཞིན་པའི་གནས་སྟངས་གང་ཐད་ནས་བོད་པས་སྐད་ཆ་རྙིང་པ་དང་སྲིད་བྱུས་རྙིང་པ་དེ་བསྐྱར་ཟློས་བྱེད་མཚམས་འཇོག་དགོས་པ་ལྟ་བུར་གྱུར་ཟིན།
མདོར་ན་ཧོང་ཀོང་གི་གནས་སྟངས་ལ་བརྟེན་ནས་ཐའེ་ཝན་མི་མང་གི་ལངས་ཕྱོགས་བརྟན་དུ་སོང་ཡོད་པ་དང་། བོད་པས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་མིག་དཔེ་བལྟ་སའམ། གཞི་བཅོལ་ས་ཧོང་ཀོང་གི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་དེ་ཡིན་ནའང་། དཔལ་འབྱོར་དང་ཤེས་ཡོན་གང་ཐད་ནས་ཡར་རྒྱས་ཕྱིན་ཟིན་པའི་ཧོང་ཀོང་ལ་མཚོན་ན་མི་ལོ་༢༤ ཙམ་གྱི་རིང་རིམ་པས་རང་དབང་གི་ཁོར་ཡུག་ཧ་ཅང་དོག་ཏུ་སོང་ཡོད་པ་དང་། ད་ལྟའི་ཆར་ཧོང་ཀོང་གི་འབྱོར་ལྡན་ཁྱིམ་ཚང་མང་པོ་ཞིག་རྒྱལ་ཁབ་གཞན་དུ་གནས་སྤོས་བྱེད་བཞིན་ཡོད་ལ། མང་གཙོ་དང་རང་དབང་གི་ཆེད་དུ་ལས་འགུལ་སྤེལ་མཁན་མང་པོ་ཞིག་ཀྱང་ཨ་རི་སོགས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་། ཐའེ་ཝན་སོགས་ལ་སྐྱབས་བཅོལ་དུ་སླེབས་བཞིན་ཡོད། དེར་བརྟེན་མིག་མདུན་དུ་ཡོད་པའི་གནད་དོན་མང་པོ་ཞིག་གཞི་རྩར་བཟུང་ནས་བསམ་བློ་གཏོང་དགོས་པ་ལས། རྒྱ་གཞུང་དང་མཉམ་གྲོས་མོལ་གྱི་ཐོག་ནས་ཐག་གཅོད་ཡོང་རྒྱུའི་རེ་བ་ཁོ་ན་བརྒྱབ་པ་ནི་རང་ཉིད་ཀྱིས་རང་ཉིད་མགོ་སྐོར་བཏང་བ་ལྟ་བུར་གྱུར་ཡོད།།