ཐའེ་ཝན་སྲིད་འཛིན་གྱིས་ཐའེ་ཝན་དེ་ཧོང་ཀོང་ལྟ་བུ་འགྱུར་སྲིད་པའི་ཉེན་བརྡ་བཏང་འདུག
ཐའེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་སླེབས་ཉེ་བ་དང་བསྟུན། སྲིད་འཛིན་འོས་མིའི་བགྲོ་གླེང་སྐབས་སུ་ལས་ཁུར་སྲིད་འཛིན་གྱིས། ཧོང་ཀོང་ནང་གི་གནས་སྟངས་དཔེ་མཚོན་དུ་བཞག་ནས། གལ་ཏེ་ཐའེ་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་ནས་དམར་ཤོག་གི་དབང་སྒྱུར་ཁས་ལེན་བྱས་ཚེ། ཐའེ་ཝན་ཡང་ཧོང་ཀོང་ལྟ་བུ་ཆགས་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག
ཟླ་༡༢ པའི་ཚེས་༣༠ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༢༩ ཉིན་ཐའེ་ཝན་གྱི་སྲིད་འཛིན་འོས་མིའི་བགྲོ་གླེང་སྐབས་སུ། ལས་ཁུར་སྲིད་འཛིན་དང་མང་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་དབྱིང་ཝན་གྱིས། རང་ཉིད་ལ་ཧོང་ཀོང་ནས་གཞོན་སྐྱེས་ཤིག་གིས་བསྐུར་བའི་ཡི་གེ་ལུང་འདྲེན་བྱས་འདུག ཡི་གེའི་ནང་གཞོན་སྐྱེས་དེས་ཐའེ་ཝན་མི་མང་གིས་རྒྱ་ནག་དམར་ཤོག་ཚོགས་པ་དང་། དམར་ཤོག་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་འགོ་ཁྲིད་ལ་ཡིད་ཆེས་མི་བྱེད་པའི་རེ་སྐུལ་བྱས་ཡོད་ཁར། རྒྱ་ནག་དམར་ཤོག་ཚོགས་པའི་དངུལ་གྱི་མགོ་སྐོར་འོག་ལ་ཚུད་མི་རུང་སྐོར་བརྗོད་ཡོད་འདུག ཁོང་གིས་ཡི་གེ་དེ་སུས་དང་ག་དུས་བསྐུར་ཡོད་པའི་སྐོར་གང་ཡང་བརྗོད་མེད་པ་དང་། འོན་ཀྱང་ཡི་གེ་དེ་ལུང་འདྲེན་བྱེད་དགོས་པའི་རྒྱུ་མཚན་ནི། ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་ལ་ཉེན་ཁ་ཆེ་ཤོས་དེ་ནི་རྒྱ་ནག་ཡིན་པ་དང་། གལ་ཏེ་ཐའེ་ཝན་གྱིས་རྒྱ་ནག་གི་གནོན་ཤུགས་འོག་མགོ་སྒུར་ནས་དམར་ཤོག་གི་དབང་སྒྱུར་ཁས་ལེན་བྱས་ཚེ། ཐའེ་ཝན་ཡང་ཧོང་ཀོང་ལྟ་བུ་ཆགས་རྒྱུ་ཡིན་པས། ཕྱི་ལོ་༢༠༢༠ ལོའི་ཟླ་༡ པའི་ཚེས་༡༡ ཉིན་ཐའེ་ཝན་ནང་སྲིད་འཛིན་དང་གྲོས་ཚོགས་ཀྱི་འོས་བསྡུར་མི་མང་གི་འོས་ཤོག་དེ་གལ་ཆེན་པོ་ཡིན་པ་དང་། དེས་ཐའེ་ཝན་གྱི་མང་གཙོའི་ལམ་ལུགས་དེ་མུ་མཐུད་ནས་གནས་ཐུབ་དང་མི་ཐུབ་ཀྱི་ཐག་གཅོད་བྱེད་རྒྱུ་ཡིན་པས། འཛམ་གླིང་གང་སར་ནས་ཐའེ་ཝན་ལ་བལྟས་ནས་བསྡད་ཡོད་པ་དྲན་སྐུལ་བྱེད་ཆེད་ཡིན་སྐོར་བརྗོད་འདུག
གོ་མིན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཧན་ཀོ་ཡུ་ཡིས། ལྕམ་ཚེ་དབྱིང་ཝན་གྱིས་ཧོང་ཀོང་མི་མང་གི་འཐབ་རྩོད་བེད་སྤྱོད་བྱས་ནས། འོས་ཤོག་ཐོབ་ཐབས་བྱེད་བཞིན་པ་དེ་ནི་ཧོང་ཀོང་མི་མང་ལ་མགོ་སྐོར་བཏང་བ་ཡིན་པ་དང་། ཧོང་ཀོང་མི་མང་གི་རིན་ཐང་ལྟ་བ་ལོག་སྤྱོད་བྱེད་ཀྱི་ཡོད་སྐོར་བརྗོད་འདུག དེ་ཡང་དེ་སྔོན་ཧོང་ཀོང་གི་སློབ་མའི་འགོ་ཁྲིད་གཅིག་གིས་ལྕམ་ཚེ་དབྱིང་ཝན་ལ་སྐྱོན་བརྗོད་དེ་ལྟར་བྱས་ཡོད་པ་དང་། རྗེས་སུ་ཁོས་མོ་ལ་དགོངས་སེལ་ཞུས་ཡོད་འདུག
འོས་བསྡུ་སླེབས་ཉེ་བ་དང་བསྟུན། ཐའེ་ཝན་ནང་དུ་རྒྱ་ནག་ལ་རྒྱབ་སྐྱོར་གྱི་གནས་ཚུལ་དང་མང་གཙོ་ཡར་ཐོན་ཚོགས་པར་གནོད་པའི་གནས་ཚུལ་རྫུན་མ་མང་པོ་ཞིག་ཁྱབ་སྤེལ་འགྲོ་བཞིན་ཡོད་པས། དང་བླངས་མི་སེར་རུ་ཁག་མང་པོ་ཞིག་གིས། དྲ་ཐོག་སོགས་ཏུ་ཁྱབ་བཞིན་པའི་གནས་ཚུལ་རྣམས་བདེན་རྫུན་དབྱེ་འབྱེད་བྱས་ཏེ་མི་མང་ལ་གསལ་བཤད་བྱེད་བཞིན་འདུག དེ་ཡང་དྲ་ཐོག་ཏུ་དྲ་འབུ་མང་པོ་ཞིག་གིས་སྲིད་འཛིན་འོས་མི་ཞིག་གི་དྲ་ཐོག་ཏུ་བཞག་པའི་འཕྲིན་ཐུང་ངམ་གནས་ཚུལ་ཞིག་གི་ཐོག་ཏུ། མཆན་སྟོང་ཕྲག་མང་པོ་བཀོད་ནས་གནད་དོན་དངོས་ཀྱི་ཐོག་ལ་བགྲོ་གླེང་མི་ཡོང་ཆེད། བགྲོ་གླེང་གི་ཁ་ཕྱོགས་བསྒྱུར་ཐབས་བྱེད་ཀྱི་ཡོད་འདུག་པ་དང་། དྲ་འབུ་དང་གནས་ཚུལ་རྫུན་མ་དེ་ཚོ་མང་ཆེ་བ་རྒྱ་ནག་གཞུང་ངམ་དེའི་བཀའ་འོག་ཏུ་ཡོད་པ་རྣམས་ཀྱི་བྱེད་ལས་ཡིན་པ་ངོས་འཛིན་གྱིས། ཐའེ་ཝན་གྱི་དྲ་ཐོག་ཏུ་གནས་ཚུལ་རྫུན་མར་ཁ་གཏད་གཅོག་སྟངས་སྐོར་སློབ་ཁྲིད་ཀྱི་བརྙན་ཐུང་ཡང་མང་པོ་བཞག་འདུག
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་བེད་སྤྱོད་བྱས་ནས། ཐའེ་ཝན་ཟུར་དུ་ཕུད་ཐབས་བྱེད་བཞིན་པ་དང་གྲུབ་འབྲས་ཀྱང་ཐོན་བཞིན་ཡོད་པ་རེད་དེ། རྒྱལ་ཁབ་ཆུང་ཆུང་ཁག་ཅིག་གིས་མུ་མཐུད་ནས་ཐའེ་ཝན་དང་འབྲེལ་ལམ་བཞག་ནས་རྒྱ་ནག་ལ་ཁ་གཏད་གཅོག་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།