ཐའེ་ལན་ཌའི་ཁྲིམས་ཁང་རྒྱལ་པོའི་རྒྱབ་ཏུ་ལངས་འདུག 

འཛམ་གླིང་ནང་རྒྱལ་པོ་དང་དེའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དམ་ཤོས་དེ་ཐའེ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པ་དང་། ཐེངས་འདིར་རྩ་ཁྲིམས་ཀྱི་ཁྲིམས་ཁང་ནས་གཞོན་སྐྱེས་ལས་འགུལ་བ་ཚོས་རྒྱལ་པོའི་དབང་ཚད་སོགས་ཀྱི་ཁྲིམས་བསྐྱར་བཅོས་དགོས་པའི་དགོས་འདུན་བཏོན་པ་དེ་ནི་རྩ་ཁྲིམས་དང་འགལ་བ་ཡིན་པ་མ་ཟད། རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ་དང་གཅིག་མཚུངས་ཡིན་སྐོར་གྱི་ཉེན་ཁ་ཆེ་བའི་ཐག་གཅོད་བྱས་ཡོད་འདུག 

འཛམ་གླིང་ནང་རྒྱལ་པོ་དང་དེའི་ལམ་ལུགས་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དམ་ཤོས་དེ་ཐའེ་ལན་ཌ་རྒྱལ་ཁབ་ནང་དུ་ཡོད་པ་དང་། ཐེངས་འདིར་རྩ་ཁྲིམས་ཀྱི་ཁྲིམས་ཁང་ནས་གཞོན་སྐྱེས་ལས་འགུལ་བ་ཚོས་རྒྱལ་པོའི་དབང་ཚད་སོགས་ཀྱི་ཁྲིམས་བསྐྱར་བཅོས་དགོས་པའི་དགོས་འདུན་བཏོན་པ་དེ་ནི་རྩ་ཁྲིམས་དང་འགལ་བ་ཡིན་པ་མ་ཟད། རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པ་དང་གཅིག་མཚུངས་ཡིན་སྐོར་གྱི་ཉེན་ཁ་ཆེ་བའི་ཐག་གཅོད་བྱས་ཡོད་འདུག 

ཟླ་༡༡ པའི་ཚེས་༡༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཐའེ་ལན་ཌའི་རྩ་ཁྲིམས་ཀྱི་ཁྲིམས་ཁང་གིས། ལོ་སྔོན་མར་གཞོན་སྐྱེས་ཀྱི་ལས་འགུལ་བའི་འགོ་ཁྲིད་གསུམ་གྱིས་རྒྱལ་པོའི་ལམ་ལུགས་ཀྱི་ཁྲིམས་བསྐྱར་བཅོས་དགོས་པའི་གཏམ་བཤད་སྤེལ་བ་ནི་རྩ་ཁྲིམས་དང་འགལ་བ་ཡིན་ཁར། རྒྱལ་པོའི་སྒྲིག་འཛུགས་དེར་རྩིས་མེད་དམ་སྟོབས་ཆུང་དུ་གཏོང་ཐབས་བྱེད་པ་ནི་རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་ཐབས་ཡིན་པ། གལ་ཏེ་ལས་འགུལ་བ་གསུམ་དང་ཁོ་ཚོའི་འབྲེལ་ཡོད་ཚོར་མུ་མཐུད་ནས་བྱ་སྤྱོད་དེ་རིགས་ལ་སྤེལ་བཅུག་ཚེ། མི་འགྱང་བར་བྱ་སྤྱོད་དེ་དག་གིས་རྩ་ཁྲིམས་དང་མཐུན་པའི་རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་རྒྱུ་ཡིན་སྐོར་བརྗོད་འདུག 

དཔྱད་བརྗོད་པ་ཚོས་བརྗོད་དོན་ལྟར་ན། ཐེངས་འདིར་རྒྱལ་པོའི་སྲིད་དབང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པ་ཞིག་གིས། ལས་འགུལ་བ་གསུམ་གྱི་དགོས་འདུན་དེ་དག་རྩ་ཁྲིམས་དང་མཐུན་གྱི་མེད་པའི་ཁ་མཆུ་གཏུག་པ་ཡིན་འདུག་པས། རྩ་ཁྲིམས་ཁྲིམས་ཁང་ནས་རྩ་ཁྲིམས་དང་མཐུན་གྱི་མེད་པའི་ཐག་གཅོད་བྱས་པ་ལས། ཉེས་ཆད་གང་ཡང་གསལ་བསྒྲགས་བྱས་མེད་འདུག འོན་ཀྱང་ཐེངས་འདིའི་ཐག་གཅོད་དང་འབྲེལ་ནས་ལས་འགུལ་བ་གསུམ་དང་མ་འོངས་པར་རྒྱལ་པོའི་སྲིད་དབང་དང་འབྲེལ་བའི་རྩ་ཁྲིམས་ཀྱི་དོན་ཚན་རྣམས་བསྐྱར་བཅོས་དགོས་པའི་དགོས་འདུན་འདོན་མཁན་རྣམས་ལ། རྒྱལ་ཁབ་ལ་རྒྱབ་གཏོད་ཀྱི་ཉེས་འཛུགས་བྱེད་པའི་ལམ་ཁ་བཟོས་ཡོད་པ་དང་། ཉེས་འཛུགས་དེ་རིགས་ཁྲིམས་ཁང་ནས་ཐག་གཅོད་བྱས་ཚེ་ཉེས་ཆད་ནི་སྲོག་ཐོག་ཁྲིམས་ཆད་ཡིན་འདུག་པས། རྒྱལ་ཁབ་དེའི་ནང་རྒྱལ་པོའི་སྲིད་དབང་ལམ་ལུགས་ཐོག་བགྲོ་གླེང་བྱེད་པའི་སྡིངས་ཆ་མེད་པ་བཟོས་ཡོད་འདུག 

ལོ་སྔོན་མའི་ཟླ་༧ པ་ནས་འགོ་བཙུགས་ཀྱིས་ན་གཞོན་ཚོས་འགོ་ཁྲིད་པའི་མང་གཙོའི་ལས་འགུལ་ནང་དུ། རྒྱལ་ཁབ་དེའི་སྲིད་བློན་རྩ་དགོངས་ཞུ་དགོས་པ་དང་། རྒྱལ་པོའི་རིང་ལུགས་ཀྱི་དབང་ཚད་ཆུང་དུ་གཏོང་དགོས་པ། རྩ་ཁྲིམས་བསྐྱར་བཅོས་དགོས་པ། གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་སུན་གཙེར་བཟོ་རྒྱུ་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འདོན་བཞིན་ཡོད་པ་རེད་འདུག ལས་འགུལ་དེ་རིགས་རྒྱལ་ཁབ་དེའི་ལོ་རྒྱུས་ནང་ཤིན་ཏུ་དཀོན་པོ་ཡིན་འདུག གང་ཡིན་ཟེར་ན་ཐའེ་ལན་ཌ་ཡི་ཁྲིམས་ནང་རྒྱལ་པོ་དང་རྒྱལ་པོའི་ལས་དོན་ལ་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དམ་པོ་ཡོད་པ་དང་། དེ་ནི་འཛམ་གླིང་ནང་ཁྲིམས་དམ་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་འདུག 

འདི་ལོའི་ཟླ་༡ པོའི་ནང་དུ་རང་ལོ་༦༣ ཡིན་པའི་གཞུང་ཞབས་ཟུར་པ་བུད་མེད་ཨེན་ཅན་གྱིས། ཕྱི་ལོ་༢༠༡༤ དང་༢༠༡༥ བར་ལ་སྤྱི་ཚོགས་དྲ་ལམ་ངོ་དེབ་དང་ཡུ་ཊོབ་ཐོག་ཏུ། རྒྱལ་པོ་ལ་སྐྱོན་བརྗོད་བྱས་པའི་སྒྲ་སྒམ་མང་པོ་ཞིག་བཞག་ཡོད་རྐྱེན། ཁྲིམས་ཁང་ཞིག་གིས་མོ་ལ་རྒྱལ་ཁབ་དེའི་རྒྱལ་པོར་སྐྱོན་བརྗོད་བྱེད་མི་ཆོག་པའི་ཁྲིམས་དང་བསྟུན་ནས། ལོ་ངོ་༤༣ དང་ཟླ་བ་༦ གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་པས། ད་བར་ཁྲིམས་དེའི་འོག་ཏུ་བཙོན་འཇུག་ཁྲིམས་ཆད་ཀྱི་དུས་ཡུན་རིང་ཤོས་དེ་ཆགས་འདུག དེ་ཡང་མོས་ཉེས་འཛུགས་༢༩ ལ་ངོས་ལེན་བྱས་ཡོད་པ་དང་། ཐོག་མར་མོ་ལ་ལོ་ངོ་༨༧ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ཀྱང་། མོས་ཉེས་འཛུགས་དེ་དག་ངོས་ལེན་བྱས་རྐྱེན་བཙོན་འཇུག་གི་དུས་ཡུན་ཕྱེད་ཀ་ཉུང་དུ་བཏང་ཡོད་པ་རེད་འདུག 

ལས་འགུལ་བའི་འགོ་ཁྲིད་གསུམ་གྱིས་ཁོ་ཚོར་རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་པའི་འཆར་གཞི་དང་འདུན་པ་གང་ཡང་མེད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།