ཐའེ་ལན་ཌིའི་སྲིད་བློན་ཟུར་པར་ཉེས་འཛུགས།
ཐའེ་ལན་ཌིའི་སྲིད་བློན་ལྕམ་ཡིང་ལཱ་ཀི་(Yingluck) ལ་རྒྱལ་ཁབ་ཀྱི་ཁྲིམས་དོན་སྤྱི་ཁྱབ་གྱིས། འབྲུ་རིགས་རོགས་སྐྱོར་ལས་འཆར་དང་འབྲེལ་བའི་ཁྲིམས་འགལ་གྱི་ཉེས་འཛུགས་བྱས་འདུག
ཐའེ་ལན་ཌིའི་སྲིད་བློན་ལྕམ་ཡིང་ལཱ་ཀི་(Yingluck) ལ་རྒྱལ་ཁབ་ཀྱི་ཁྲིམས་དོན་སྤྱི་ཁྱབ་གྱིས། འབྲུ་རིགས་རོགས་སྐྱོར་ལས་འཆར་དང་འབྲེལ་བའི་ཁྲིམས་འགལ་གྱི་ཉེས་འཛུགས་བྱས་འདུག
ཟླ་འདིའི་ཕྱི་ཚེས་༢༣ ཉིན་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ལྕམ་ཡིང་ལཱ་ཀི་ནི་ཐའེ་ལན་ཌི་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མ་དང། སྲིད་བློན་ཟུར་པ་ཐ་ཀ་སིན་(Thaksin) གྱི་སྲིང་མོ་ཡང་ཡིན་འདུག གཅེན་གཅུང་གཉིས་ཀྱིས་དབུལ་ཕོངས་ལ་ཆེད་དུ་དམིགས་པའི་ལས་དོན་མང་པོ་བསྒྲུབས་པར་བརྟེན། སྤྱི་ཚོགས་ནང་འབྱོར་འབྲིང་དང་གྲལ་རིམ་མཐོ་བའི་མི་རྣམས་ཁོང་མོར་དགའ་མོས་མེད་ཀྱང་། དབུལ་ཕོངས་དང་གྲོང་གསེབ་པ་རྣམས་ཀྱིས་རྒྱབ་སྐྱོར་དང་གུས་བརྩིའི་ཆེ་མཐོང་བྱེད་བཞིན་ཡོད་འདུག
འདས་ལོའི་ཕྱི་ཟླ་༥ པའི་ནང་ཐའེ་ལན་ཌིའི་སྲིད་གཞུང་དམག་གིས་སྲིད་དབང་མ་བཟུང་སྔོན། ལྕམ་ཡིང་ལཱ་ཀི་ལ་ཁྲིམས་འགལ་གྱི་ཉེས་འཛུགས་བྱས་ཏེ་སྲིད་བློན་གྱི་གོ་གནས་ལས་ཕྱིར་ཕུད་བྱས་ཡོད་ཅིང་། རེས་གཟའ་པ་སངས་ཉིན་དམག་དཔུང་གི་བསྐོ་བཞག་བྱས་པའི་རྒྱལ་ཡོངས་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་༢༡༩ ནས་༡༩༠ ཡིས་ཁོང་མོའི་ནག་ཉེས་ཐེར་འདོན་བྱས་འདུག སྲིད་དོན་དཔྱད་བརྗོད་པ་མང་པོས་ཕྱི་ལོ་༢༠༠༡ ནས་བཟུང་ལྕམ་ཡིང་ལཱ་ཀི་དང་ཁོང་མོའི་ནང་མི་ཚོའི་ཆབ་སྲིད་ཚོགས་པ་དེ། ཐའེ་ལན་ཌི་ནང་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་ཞིག་ཏུ་གྱུར་ཡོད་སྟབས། ཐའེ་ལན་ཌིའི་ཆབ་སྲིད་ནས་ཕྱིར་ཕུད་བྱེད་ཐབས་ཀྱི་འཆར་གཞི་ཡིན་སྐོར་བརྗོད་འདུག
ཡིན་ནའང་སྲིད་གཞུང་གིས་གནད་དོན་དེ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པར་ལྐོག་ཟ་རུལ་སུངས་ཀྱི་ཁུངས་སྐྱེལ་ དཔང་རྟགས་མང་པོ་ཡོད་པ་དང། ཁོང་མོས་ཞིང་པའི་སར་ནས་འབྲུ་རིགས་རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་ལས་མཐོ་བར་ཉོས་ཏེ། འབྲུ་རིགས་ཕུང་གསོག་གིས་རྒྱལ་ཁབ་ཀྱི་འབྲས་ཀྱི་ཕྱིར་ཚོང་ལ་ཕོག་ཐུག་ཤུགས་ཆེན་བཏང་ཡོད་པ་དང་། ལྕམ་ཡིང་ལཱ་ཀི་དང་མོའི་ཆབ་སྲིད་ཚོགས་པས་འབྲུ་རིགས་རོགས་སྐྱོར་ལས་འཆར་གྱི་མིང་ཐོག་ནས། དབུལ་ཕོངས་ཀྱི་ཞིང་པའི་འོས་ཤོག་རག་ཐབས་བྱས་ཡོད་སྐོར་གྱི་ཉེས་འཛུགས་བྱས་འདུག
ལྕམ་ཡིང་ལཱ་ཀི་ཡིས་ཁོང་མོ་འབྲུ་རིགས་ལས་འཆར་དང་ཐད་ཀར་འབྲེལ་བ་མེད་ཅིང་། གནད་དོན་དེའི་ཐོག་ལས་ཀ་གང་བྱས་པ་ཐམས་ཅད་དབུལ་ཕོངས་ལ་རོགས་སྐྱོར་ཁོ་ན་ཆེད་ཡིན་པ་ལས་དམིགས་ཡུལ་གཞན་གང་ཡང་མེད་སྐོར་བརྗོད་པ་དང་། ལྕམ་ཡིང་ལཱ་ཀི་ཡིས་ཁོང་མོ་ཟླ་བ་མང་པོའི་སྔོན་ནས་སྲིད་བློན་གྱི་གོ་གནས་ལས་ཕྱིར་ཕུད་བྱས་ཟིན་སྟབས། ཁྲིམས་ཁང་ནས་བསྐྱར་དུ་ཉེས་འཛོོལ་ཐེར་འདོན་བྱེད་དགོས་པའི་རྒྱུ་མཚན་མེད་ལུགས་འགྲེལ་བརྗོད་བྱས་འདུག
གལ་སྲིད་ལྕམ་ཡིང་ལཱ་ཀི་ཡི་ཉེས་འཛུགས་དོན་འཁྱོལ་བྱུང་པ་ཡིན་ན། ལོ་བཅུའི་རིང་བཙོན་འཇུག་དང་ལོ་ལྔའི་རིང་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་རྒྱུ་ཡིན་པ་རེད། ད་ཆ་ཐའེ་ལན་ཌི་ནང་ཁོང་མོར་རྒྱབ་སྐྱོར་བྱེད་མཁན་གྱི་ཡུལ་མི་དང། ཁོང་གི་ཆབ་སྲིད་ཚོགས་པས་འགོ་ཁྲིད་གསར་པ་ཞིག་ལ་རེ་བ་བཅོལ་བའམ། ཡང་ན་ཐའེ་ལན་ཌིའི་དམག་གི་སྲིད་གཞུང་ལ་ཁ་གཏད་གཅོག་རྒྱུ་ཡིན་སྐོར་གནད་དོན་དབྱེ་ཞིབ་པ་ཚོས་བརྗོད་བཞིན་འདུག།
གསར་འགོད་པ་བསྟན་འཛིན་ཟླ་བ།