ཐེ་ལན་ཌིའི་ལོ་རྒྱུས་ནང་སྲིད་བློན་ལོ་ན་ཆུང་ཤོས་བུད་མེད་གཅིག་གསར་དུ་བདམས་ཐོན་བྱུང་།


ཉེ་ཆར་ཐེ་ལན་ཌིའི་ཁྲིམས་ཁང་གིས་དེ་སྔོན་གཞུང་འཛིན་སྲིད་བློན་(Srettha Thavisin)ཟེར་བ་དེ་དགོངས་པ་ཞུ་བཅུག་ཡོད་འདུག་པ་དང་། ད་སྐབས་ཐེ་ལན་ཌིའི་ནང་བུད་མེད་གཅིག་སྲིད་བློན་ལ་བདམས་ཐོན་བྱུང་ཡོད་འདུག་པ་དང་། བུད་མེད་དེ་ནི་ཐེ་ལན་ཌིའི་ལོ་རྒྱུས་ནང་དུ་སྲིད་བློན་ལོ་ན་ཆུང་ཤོས་དེ་ཡིན་འདུག ཁོང་མོའི་ཕ་ནི་སྒོར་ཐེར་འབུམ་གྱི་བདག་པོ་དང་ཕྱི་ལོ་༢༠༠༡ ནས་༢༠༠༦ བར་ཐེ་ལན་ཌིའི་སྲིད་བློན་ཡང་བྱས་མྱོང་ཡོད་འདུག 

ཕྱི་ཚེས་༡༦ ཉིན་སྦི་སྦི་སིའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་འདིའི་གཟའ་ལྷག་པའི་ཉིན་ཐེ་ལན་ཌིའི་གྲོས་ཚོགས་ནང་འོས་བསྡུ་བྱེད་སྐབས་(Paetongtarn Shinawatra)ཟེར་བའི་བུད་མེད་རང་ལོ་༣༧ ཡིན་པ་ཞིག་སྲིད་བློན་དུ་བདམས་ཡོད་འདུག་པ་དང་། བུད་མེད་དེ་ནི་ཐེ་ལན་ཌིའི་ནང་ཡོད་པའི་ཚོང་པ་དང་སྲིད་དོན་པ་ཞིག་གི་བུ་མོ་ཡིན་འདུག་ལ། ཁོང་མོའི་ཕ་ནི་ཕྱི་ལོ་༢༠༠༡ ནས་༢༠༠༦ བར་སྲིད་བློན་བྱས་ཏེ་ཐེ་ལན་ཌིའི་སྲིད་དབང་བཟུང་མྱོང་ཡོད་འདུག་ཀྱང་། ཕྱིས་སུ་ཁོང་མོའི་ཕ་ཡིས་ཐེ་ལན་ཌིའི་རྒྱལ་པོ་ལ་སྐྱོན་འཛུགས་བྱས་པའི་རྐྱེན་གྱིས་མི་ལོ་༡༥ རིང་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡོད་འདུག ལོ་སྔོན་མར་ཕྱིར་རང་ཡུལ་དུ་ལོག་ནས་ད་ལྟ་ཐེ་ལན་ཌིའི་ནང་ཡོད་འདུག ཉེ་ཆར་ཐེ་ལན་ཌིའི་ཁྲིམས་ཁང་གིས་དེ་སྔོན་གཞུང་འཛིན་སྲིད་བློན་(Srettha Thavisin)ཟེར་བ་དེ་དགོངས་པ་ཞུ་བཅུག་ཡོད་འདུག་པ་དང་། དགོངས་པ་ཞུ་འཇུག་དགོས་དོན་ནི་གཞུང་གི་ཁྲིམས་ཐོག་ནས་ནག་ཉེས་ཕོག་པའི་ཁྲིམས་རྩོད་པ་ཞིག་ཁོང་རང་གིས་བློན་ཆེན་དུ་བསྐོས་པའི་རྐྱེན་གྱིས་དགོངས་པ་ཞུ་བཅུག་ཡོད་འདུག འོན་ཀྱང་། དེ་སྔོན་སྲིད་བློན་དང་ད་ལྟ་གསར་དུ་བསྐོས་པའི་བུད་མེད་སྲིད་བློན་གཉིས་ཀ་སྲིད་དོན་ཚོགས་པ་གཅིག་གི་མི་ཡིན་འདུག
བདུན་འདིའི་གཟའ་ལྷག་པའི་ཉིན་ཐེ་ལན་ཌིའི་གྲོས་ཚོགས་སུ་འོས་བསྡུ་བྱེད་དུས་ཁོང་མོ་ལ་འོས་གྲངས་༣༡༩ ཡིས་རྒྱབ་སྐྱོར་བྱས་པ་དང་འོས་གྲངས་༡༤༥ ཡིས་རྒྱབ་སྐྱོར་བྱས་མེད་པ་ཡིན་འདུག ཁོང་མོ་ལ་མང་མོས་ཀྱིས་རྒྱབ་སྐྱོར་ཐོབ་རྗེས། ཁོང་མོས་གསར་འགོད་པར་ངས་ནམ་ཡང་སྲིད་བློན་(Mr Srettha)ཁོང་ལ་ཡིད་སྨོན་སྐྱེ་གི་ཡོད། འོན་ཀྱང་། ཐེངས་འདིར་ལམ་འགྲོ་མ་རྒྱུགས་ནས་ཁོང་སྲིད་བློན་ནས་དགོངས་པ་ཞུ་དགོས་བྱུང་བ་རེད། བློ་ཕམ་ཡོད་ཅེས་བརྗོད་ཡོད་འདུག ད་ལྟ་གསར་དུ་བསྐོ་གཞག་བྱས་པའི་སྲིད་བློན་(Paetongtarn Shinawatra)ཟེར་བའི་བུད་མེད་དེ་ཐེ་ལན་ཌིའི་ནང་དུ་གཞི་རིམ་གྱི་སློབ་སྦྱོང་བྱས་ཡོད་འདུག་པ་དང་། ཕྱིས་སུ་དབྱིན་ཡུལ་གྱི་གཙུག་ལག་སློབ་གྲྭ་ཞིག་ནས་སློབ་སྦྱོང་ཐོན་རྗེས་ཁོང་མོའི་ཁྱིམ་གྱི་གསོལ་མགྲོན་ཁང་ཞིག་གི་ནང་དུ་ལས་ཀ་བྱས་ཡོད་འདུག ཕྱི་ལོ་༢༠༢༡ ལོར་ཁོང་མོ་(Pheu Thai)ཟེར་བའི་སྲིད་དོན་ཚོགས་པའི་ནང་འཛུལ་ཞུགས་བྱས་ཡོད་འདུག་ཅིང་། ཕྱི་ལོ་༢༠༢༣ ལོར་ཁོང་མོ་སྲིད་དོན་ཚོགས་པ་དེའི་ཚོགས་གཙོར་བདམས་ཡོད་འདུག ཁོང་མོའི་སྲིད་དོན་ཚོགས་པའི་ཁྲོད་མི་མང་པོ་ཞིག་གིས་མོ་ནི་ན་གཞོན་ཤེས་ཡོན་ཡོད་མཁན་ཞིག་ཡིན་པས། མ་འོངས་པར་སྲིད་དོན་ཚོགས་པ་དེའི་མདུན་ལམ་ལ་ཕན་ཐོགས་ཆེན་པོ་ཞིག་ཡོང་རྒྱུའི་རེ་བ་ཆེན་པོ་རྒྱག་གི་ཡོད་འདུག 

གསར་འགོད་པ།  བསོད་ནམས་ཕུན་ཚོགས།

ཁྱེད་ཀྱིས་གཟིགས་མེད་སྲིད།