ཐེངས་དང་པོར་དུག་སྦྲང་ལས་བྱུང་བའི་འདར་ཚད་ལ་སྔོན་འགོག་སྨན་ཁབ་གཅིག་ཐོན་འདུག 

ལོ་རྒྱུས་ནང་དུ་ཐེངས་དང་པོར་དུག་སྦྲང་གིས་སོ་བརྒྱབ་པ་ལས་ན་ཡི་ཡོད་པས་འདར་ཚད་(Malaria)ལ་སྔོན་འགོག་སྨན་ཁབ་གཅིག་བཟོ་སྐྲུན་བྱེད་ཐུབ་ནས། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ངོས་ལེན་བྱས་འདུག་པས། ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་འདུག འོན་ཀྱང་སྔོན་འགོག་སྨན་ཁབ་དེ་ཨ་ཧྥེ་རི་ཀའི་ཁུལ་དུ་ཁོ་ནར་བེད་སྤྱོད་བྱེད་ཆོག་གི་ཡོད་འདུག 

ཟླ་༡༠ པའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་ལྷོ་ཨ་ཧྥེ་རི་ཀའི་གླིང་ཕྲན་ནང་གི་བྱིས་པ་ཚོའི་ཆེད་དུ། འདར་ཚད་ཀྱི་སྔོན་འགོག་སྨན་ཁབ་(RTS,S)ལ་ངོས་ལེན་བྱས་ཏེ་སྨན་ཁབ་དེ་ཁུལ་དེར་རྒྱག་ཆོག་པ་བཟོས་འདུག དེ་ཡང་སྔོན་འགོག་སྨན་ཁབ་དེ་ནི་ཨ་ཧྥེ་རི་ཀའི་ནང་དུ་དར་ཁྱབ་ཆེ་བའི་འདར་ཚད་ཀྱི་རིགས་ལ་མ་གཏོགས་ལ། གླིང་ཕྲན་དེའི་ཕྱི་ལོགས་སུ་ཡོད་པའི་འདར་ཚད་རིགས་མི་འདྲ་བ་མང་པོ་ཡོད་འདུག་པས་སྔོན་འགོག་བྱེད་ཐུབ་ཀྱི་མེད་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་སྔོན་འགོག་སྨན་ཁབ་དེ་ནི་སྨན་དང་ལོ་རྒྱུས་ཀྱི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཡིན་པ་དང་། དེས་ཨ་ཧྥེ་རི་ཀའི་བྱིས་པ་ས་ཡ་མང་པོའི་སྲོག་སྐྱོབ་ཐུབ་རྒྱུ་ཡིན་སྐོར་བརྗོད་འདུག

ལོ་ངོ་༡༠ ལྷག་རིང་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བདུན་གྱི་སྨན་ཁང་དུ་སྔོན་འགོག་སྨན་ཁབ་དེར་ཚོད་ལྟ་བྱས་ཡོད་འདུག་པ་དང་། ཕྱི་ལོ་༢༠༡༩ ལོ་ནས་འགོ་བཙུགས་ཀྱིས་གླིང་ཕྲན་དེའི་རྒྱལ་ཁབ་གྷ་ནཱ་དང་ཀཱེན་ཡ། མཱ་ལཱ་ཝི་བཅས་ཀྱི་བྱིས་པ་ཚོར་འདར་ཚད་ཀྱི་སྔོན་འགོག་སྨན་ཁབ་ས་ཡ་༢.༣ བརྒྱབ་ནས་གཞི་རྒྱ་ཆེ་བའི་ཚོད་ལྟའི་ལས་འཆར་དངོས་སུ་སྤེལ་ཡོད་འདུག 

གླིང་ཕྲན་དེའི་ནང་དུ་འདར་ཚད་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་མང་ཆེ་བ་བྱིས་པ་ལོ་ན་༥ མན་ཆད་ཡིན་འདུག་པས། སྔོན་འགོག་སྨན་ཁབ་དེ་ཡང་བྱིས་པའི་ཆེད་དུ་ཡིན་འདུག སྨན་ཁབ་དེས་འདར་ཚད་ཚབས་ཆེན་སྔོན་འགོག་བྱེད་ཐུབ་པའི་བརྒྱ་ཆ་ནི་༣༠ ཡིན་འདུག་ཀྱང་། ད་བར་སྔོན་འགོག་སྨན་ཁབ་དེ་མ་གཏོགས་བཟོ་ཐུབ་མེད་འདུག ཕྱི་ལོ་༢༠༡༥ ལོར་ཡུ་རོབ་མཐུན་ཚོགས་ཀྱི་སྨན་སྟངས་འཛིན་ལས་ཁང་གིས་སྔོན་འགོག་སྨན་ཁབ་དེར་ཉེན་ཁ་ལས་ཕན་ཐོགས་ཆེ་བ་ཡོད་སྐོར་བརྗོད་ནས་ཆོག་མཆན་སྤྲད་ཡོད་འདུག 

འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ཀྱིས་བརྗོད་པར་གཞིགས་ན། འཛམ་གླིང་ནང་གི་འདར་ཚད་ཕོག་མཁན་དང་དེ་ལ་བརྟེན་ནས་ཚེ་སྲོག་ཤོར་མཁན་བརྒྱ་ཆ་༩༤ དེ་ཨ་ཧྥེ་རི་ཀའི་གླིང་ཕྲན་ནང་ནས་ཡིན་འདུག ཕྱི་ལོ་༢༠༡༩ ལོར་གླིང་ཕྲན་དེའི་ནང་མི་གྲངས་༣༨༦,༠༠༠ འདར་ཚད་རྐྱེན་པས་ཚེ་སྲོག་ཤོར་ཡོད་ཚོད་འདུག སྔོན་འགོག་སྨན་ཁབ་དེ་ནི་ཨ་ཧྥེ་རི་ཀའི་ཚན་རིག་པས་བཟོ་སྐྲུན་བྱས་པ་ཞིག་རེད་འདུག 

འདར་ཚད་ཀྱི་སྲིན་འབུ་རིགས་མི་འདྲ་བ་༡༠༠ ལས་མང་བ་ཡོད་འདུག་པས། ཆོག་མཆན་ཐོབ་པའི་སྔོན་འགོག་སྨན་ཁབ་དེས་ཨ་ཧྥེ་རི་ཀའི་ནང་དུ་མང་ཤོས་ཡིན་མཁན་དང་ཚབས་ཆེ་ཤོས་ཡིན་པའི་སྲིན་འབུ་ཞིག་ལ་ཁ་གཏད་གཅོག་ཐུབ་ཀྱི་ཡོད་པ་རེད་འདུག སྨན་ཁབ་དེ་ཐེངས་བཞི་རྒྱག་དགོས་ཀྱི་ཡོད་འདུག་པ་དང་། སྨན་ཁབ་ཐོག་མར་གསུམ་དེ་ནི་བྱིས་པ་ཟླ་བ་༥ སླེབས་སྐབས་དང་། ཟླ་བ་༦ པ་དང་༧ པ་བཅས་ཟླ་རེའི་བར་མཚམས་བཞག་ནས་རྒྱག་དགོས་ཀྱི་ཡོད་ཁར། ཐེངས་བཞི་པ་དེ་བྱིས་པ་ཟླ་བ་༡༨ ལོན་སྐབས་སུ་རྒྱག་དགོས་ཀྱི་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།