ཐོབ་ཐང་གི་སྐད་ཆ་ཞིག་མ་རེད།
ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཙམ་ནས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་སླེབས་ཤིང་། སྐབས་དེར་༧གོང་ས་མཆོག་གི་ཐུགས་རེ་དང་དགོངས་ཚུལ་གསུངས་པ་བཞིན། རྒྱ་གར་གྱི་སྲིད་བློན་དང་པོ་པནྜི་ཏ་ ཇཱ་ཝཱ་ཧར་ལཱལ་ ནེཧ་རུ་ (Pandit Jawaharlal Nehru) ཐུགས་ཁུར་ཆེ་བཞེས་ཀྱིས་བོད་མི་རྣམས་ལ་དམིགས་བསལ་གཟིགས་སྐྱོང་གིས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༩༣ ཕྱི་ལོ་ ༢༠༢༢/༥ /༤
ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ ཙམ་ནས་བོད་མི་མང་པོ་ཞིག་སྐྱབས་བཅོལ་དུ་སླེབས་ཤིང་། སྐབས་དེར་༧གོང་ས་མཆོག་གི་ཐུགས་རེ་དང་དགོངས་ཚུལ་གསུངས་པ་བཞིན། རྒྱ་གར་གྱི་སྲིད་བློན་དང་པོ་པནྜི་ཏ་ ཇཱ་ཝཱ་ཧར་ལཱལ་ ནེཧ་རུ་ (Pandit Jawaharlal Nehru) ཐུགས་ཁུར་ཆེ་བཞེས་ཀྱིས་བོད་མི་རྣམས་ལ་དམིགས་བསལ་གཟིགས་སྐྱོང་གིས་བོད་པའི་སློབ་གྲྭ་ཟུར་དུ་བཙུགས། མུ་མཐུད་མི་ལོ་དྲུག་ཅུ་ལྷག་རིང་བོད་པའི་བྱིས་པ་གང་མང་ཞིག་ལ་སློབ་གསོའི་གོ་སྐབས་ཐོབ་ཡོད་པ་དང་། ད་ལྟའི་དུས་སུ་ཡིག་རྨོངས་པ་དང་སློབ་གྲྭར་འགྲིམས་མ་མྱོང་བ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཡོད། རྒྱ་གར་གཞུང་དང་༧གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་བུ་ཕྲུག་མང་པོ་ཞིག་གནའ་དེང་གི་ཤེས་ཡོན་འདབ་གཤོག་གཉིས་ལྡན་འབའ་ཞིག་ཏུ་གྱུར་ནས་བོད་ཀྱི་རྩ་དོན་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གནས་རྒྱུད་འཛིན་གྱི་ཐོག་ལ་ནུས་པ་ཐོན་ཡོད་ཅིང་། ད་ལྟའི་ཆར་སྔོན་མ་དང་མི་འདྲ་བར་རྒྱ་བལ་འབྲུག་གསུམ་ཙམ་མ་ཡིན་པར་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པའི་ན་གཞོན་མང་དུ་འགྲོ་བཞིན་ཡོད།
བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་གཙུག་ལག་རབ་འབྱམས་པ་དང་འབུམ་རམས་པ་སོགས་ཐོན་པའི་ན་གཞོན་མང་པོ་ཞིག་ཡོད་པས་ལག་འཁྱེར་གྱི་ཐོག་ནས་དཀའ་ངལ་གང་ཡང་མེད་པར་གྱུར་ཡོད། དོན་དངོས་ཤེས་ཡོན་གྱི་ཐོག་ནས་ཚད་ལྡན་ཡོད་མེད་དང་། ཚད་དང་ལྡན་མི་ལྡན་དེ་ཡང་གཞི་གང་ནས་འཛིན་དགོས་པ་སོགས་ཀྱང་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་གནས་སྟངས་གང་ཐད་ནས་མཚུངས་བསྡུར་དང་དབྱེ་ཞིབ་བྱེད་དགོས་པ་ཞིག་ལས། སྟབས་བདེ་པོའི་ཐོག་ནས་ཁ་ཚོན་གཅོད་ཆོག་པ་ཞིག་གཏན་ནས་མ་རེད། འོན་ཀྱང་ཤེས་ཡོན་གང་དང་གང་ཡིན་ཡང་དེའི་ཐོག་ལ་གཞན་དང་མི་འདྲ་བའི་ནུས་པ་འབུར་དུ་ཐོན་མཁན་ཞིག་ཡོད་ན་དེ་མཁས་པ་ལ་བརྩི་ཆོག་པ་ལས། ཁ་ཕྱོགས་ཙམ་ཤེས་པ་དང་ལག་འཁྱེར་ཡོད་པ་ཙམ་གྱིས་མཁས་པ་ཟེར་བའི་མིང་དེ་མི་འོས་པ་མ་ཟད། མཁས་དབང་ཟེར་བ་ནི་དེ་བས་ཀྱང་བརྗོད་མི་འོས་པ་ཞིག་རེད། དེར་བརྟེན་ད་ལྟའི་སྤྱི་ཚོགས་སུ་སློབ་སྦྱོང་རྩེ་གྲས་ཡིན་པའི་ན་གཞོན་མང་པོ་ཡོད་མེད་དེ་ཡང་ཁ་ཚོན་བཅད་ནས་བཤད་དཀའ་བ་རེད།
ཉེ་བའི་ལོ་ཁ་ཤས་སྔོན་ནས་བཙན་བྱོལ་བོད་མི་ན་གཞོན་མང་དག་ཅིག་ལ་ལྡི་ལིར་རྟེན་གཞི་བྱས་པའི་སྙན་གྲགས་ཅན་གྱི་ཇཱ་ཝཱ་ཧར་ལཱལ་ ནེཧ་རུ་ གཙུག་ལག་སློབ་གྲྭ་ཆེན་མོར། (Jawaharlal Nehru University) བཙན་བྱོལ་བོད་མིའི་བུ་ཕྲུག་རྣམས་ལ་སྔོན་མ་དང་མི་འདྲ་བར་སློབ་ཡོན་གྱི་ཐོག་ནས་སྤར་ཆ་ཆེན་པོ་བྱས་ཡོད་པ་དང་། དེ་ལ་བརྟེན་ནས་སློབ་ཕྲུག་མང་པོ་ཞིག་གིས་མུ་མཐུད་གཙུག་ལག་སློབ་གྲྭ་དེ་ནས་སློབ་སྦྱོང་བྱེད་མ་ཐུབ་པའི་དཀའ་ངལ་ཡང་འཕྲད་ཡོད། ཉེ་དུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དང་། ཤེས་རིག་དྲུང་ཆེ་རྣམ་གཉིས་གཙུག་ལག་སློབ་གྲྭའི་འབྲེལ་ཡོད་དབུ་ཁྲིད་རྣམ་པའི་མདུན་ཆེད་བཅར་གྱིས་བདེ་སྡུག་ཞུས་པ་སོགས། འདས་པའི་ལོ་ལྔ་དྲུག་ཙམ་གྱི་རིང་ལྡི་ལི་གཅོད་དང་འབྲེལ་ཡོད་ལས་བྱེད་སོགས་ཀྱིས་འབད་བརྩོན་རབས་དང་རིམ་པ་གནང་ཡོད་པས། གནད་དོན་དེ་ཐག་གཅོད་གང་མགྱོགས་ཡོང་སྲིད་པ་རེད་ལ། བོད་མི་རྣམས་སྐྱབས་བཅོལ་བ་ཡིན་པའི་ངོས་ནས་གཟིགས་སྐྱོང་དེ་ལྟ་བུ་ཞིག་ཐོབ་ན་བཀའ་དྲིན་ཆེན་པོ་རེད།
སྔོན་མ་ནཱེ་ཧཱ་རུ་གཙུག་ལག་སློབ་གྲྭ་ཆེན་མོར་བཙན་བྱོལ་བོད་མིའི་སློབ་ཕྲུག་རྣམས་ཡར་འཛུལ་ཞུགས་བྱེད་སྐབས་རྒྱུགས་སྤྲོད་ཀྱི་སྐར་གྲངས་མཐོན་པོའི་ཐོག་ནས་རྒྱ་གར་གྱི་སློབ་ཕྲུག་དང་གཅིག་མཚུངས་འཛུལ་ཞུགས་ཐུབ་མཁན་ཧ་ཅང་དཀོན་པས། མཐོ་སློབ་དེར་ཕྱི་རྒྱལ་གྱི་སློབ་ཕྲུག་དང་གཅིག་མཚུངས་བཞིན་རྒྱུགས་འབྲས་ཀྱི་སྐར་གྲངས་དམའ་པོའི་ཐོག་ནས་འཛུལ་བཞིན་ཡོད་ཀྱང་། སློབ་ཡོན་གྱི་ཐོག་ནས་ཕྱི་རྒྱལ་དང་གཅིག་མཚུངས་མི་དགོས་པར་རྒྱ་གར་གྱི་སློབ་ཕྲུག་དང་གཅིག་མཚུངས་གནང་ཡོད་པ་རེད། བར་ལམ་དེར་འགྱུར་བ་སོང་ནས་ཡར་འཛུལ་སྐབས་ཕྱི་རྒྱལ་གྱི་སློབ་མ་དང་གཅིག་མཚུངས་ཡིན་པས། སློབ་ཡོན་ཡང་དེ་མཚུངས་ཀྱིས་སྤར་ཆ་བྱས་པར་བརྟེན། སྔར་བཞིན་གནང་དགོས་པའི་ཞུ་གཏུག་དང་འབོད་སྐུལ་ཞུ་བཞིན་པ་རེད། དེ་ལྟ་བུའི་གོ་སྐབས་ཤིག་ཐོབ་སོང་ན་གཙུག་ལག་སློབ་གྲྭ་ཆེན་མོ་དེས་བོད་པ་ལ་དམིགས་བསལ་གྱིས་གཟིགས་སྐྱོང་གནང་བ་ཞིག་ཏུ་གྱུར་ཡོད་པ་ལས། གཞན་རྒྱ་གར་གྱི་སློབ་ཕྲུག་དང་སློབ་ཡོན་གྱི་ཐོབ་ཐང་གཅིག་མཚུངས་དགོས་ན། འཛུལ་ཞུགས་བྱེད་སྐབས་རྒྱུགས་སྤྲོད་གྲུབ་འབྲས་ཀྱི་སྐར་གྲངས་ཀྱང་གཅིག་མཚུངས་ལེན་དགོས་པ་ལྟ་བུར་གྱུར་ཡོད།
མདོར་ན་བཙན་བྱོལ་བོད་མིའི་སློབ་ཕྲུག་གཙུག་ལག་སློབ་གྲྭ་ཆེན་མོ་དེར་འཛུལ་ཞུགས་བྱེད་མཁན་རྣམས་ལ་མཚོན་ན། ཕལ་ཆེ་བ་སྔོན་འགྲོ་ནས་བཟུང་འཛིན་གྲྭ་རིམ་བརྒྱུད་ཀྱིས་རྒྱ་གར་སློབ་ཕྲུག་དང་སློབ་སྦྱོང་གི་གོ་སྐབས་གཅིག་མཚུངས་ཐོབ་ཡོད་པས། མཐོ་སློབ་ཆེ་ཁག་ཏུ་འཛུལ་ཞུགས་བྱེད་པར་རྒྱུགས་སྤྲོད་གྲུབ་འབྲས་ཀྱི་ཐོག་ནས་རྗེས་ཆོད་མི་ཐུབ་པ་དེ། འཛིན་སྐྱོང་དང་། སློབ་གྲྭ། ཕ་མ། སློབ་ཕྲུག་བཅས་གང་ཐད་ནས་ཚད་དང་ལྡན་པ་ཞིག་བྱུང་མེད་པ་དེ་ང་ཚོས་ངོས་ལེན་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། དཔེ་མཚོན་འདིའི་ཐོག་ནས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་སྲིད་བྱུས་དང་། ཤེས་ཡོན་གྱི་ཁ་ཕྱོགས། ཤེས་ཡོན་གྱི་ཕུགས་དམིགས་བཅས་གང་ཐད་ནས་ད་དུང་མ་འདང་བའི་ཆ་མང་པོ་ཞིག་ཡོད་པ་དེའང་གསལ་པོར་གྱུར་པ་རེད། ད་ལྟའི་གནད་དོན་འདི་ལ་མཚོན་ན་བཙན་བྱོལ་བོད་པ་ལ་དམིགས་བསལ་གཟིགས་སྐྱོང་དགོས་པའི་འབོད་སྐུལ་ཞུས་པ་ཞིག་ལས། ང་ཚོ་ལ་ཡོད་པའི་ཐོབ་ཐང་ཞིག་མ་རག་པར་རྩོད་ལེན་བྱས་པ་ཞིག་གཏན་ནས་མིན་པས་དབྱེ་བ་དང་ས་མཚམས་དེ་ཤེས་དགོས་སྙམ།།