ད་བར་འཛམ་གླིང་གི་ཡང་རྩེ་སྟེ་ཧི་མ་ལ་ཡར་གནས་པའི་བོད་ཀྱི་རིག་གནས་དེ་ད་ནས་རི་བོ་ཐང་ཧྲན་གི་རི་ངོགས་ནས་ཤར་ལ་འདྲེད་བརྡབ་ཤོར་རྒྱུའི་སྔ་ལྟས་སུ་མཐོང་།
ཡེ་ཤེས་རྡོ་རྗེ།
བོད་ཀྱི་ནང་ཆོས་དང་བོད་ཀྱི་རིག་གནས། བོད་མིའི་ངོ་བོ་ཞེས་པ་ནི་ཤར་ཨེ་ཤི་ཡའི་ནང་ཆོས་དང་རིག་གནས་དེ་བཞིན་ངོ་བོ་བཅས་དང་མ་འདྲེས་པར་ཟུར་དུ་གནས་ཡོད། འདི་ནི་བོད་ཀྱི་རིག་གནས་ཐོག་རྒྱ་ནག་གི་རིག་གནས་ཀྱི་ཤུགས་རྐྱེན་ཆུང་བའི་བཀའ་དྲིན་ལས་བྱུང་བ་ཞིག་རེད།
གལ་ཏེ་བོད་ཀྱི་ནང་ཆོས་འདི་རྒྱ་ནག་ནས་བསྒྱུར་ཡོད་ན། ང་ཚོའི་ངོ་བོ་དང་རིག་གནས་ཀྱང་ཝི་ཏི་ནམ་དང་ཀོ་རི་ཡ་སོགས་རྒྱ་ནག་ནས་ནང་ཆོས་ཆད་པའི་རྒྱལ་ཁབ་ཚོའི་རྣམ་པ་དང་ཕལ་ཆེར་གཅིག་པ་ཆགས་རྒྱུ་རེད། བོན་གྱི་བཀའ་དྲིན་གྱིས་ང་ཚོ་ལ་ཕྱིའི་རྣམ་པའི་རིག་གནས་ཐོག་རྒྱ་ནག་ལས་ཅུང་མི་འདྲ་བའི་ངོ་བོ་ཕྲན་བུ་ཡོད་སྲིད་མོད། འོན་ཀྱང་རྩོམ་རིག་སྒྱུ་རྩལ་དང་། ཀླད་པ་ཁ་ལོ་སྒྱུར་མཁན་གྱི་བརྡ་ཆད། མིའི་བསམ་བློའི་འཁྱེར་སོ། འཇིག་རྟེན་ལྟ་ཚུལ། སྤྱོད་ཚུལ། རིན་ཐང་སོགས་གང་ཐད་ནས་ང་ཚོ་ནི་ཤར་ཨེ་ཤི་ཡའི་རིག་གནས་ཀྱི་ཁོངས་སུ་ལྷུང་ཡོད་པ་བརྗོད་མི་དགོས་པ་ཞིག་རེད་དྲན།
གནས་སྟངས་དེ་འདྲ་མི་ཡོང་བའི་རྒྱུ་རྐྱེན་ནི་བོད་ཀྱི་བཙན་པོས་ནང་པའི་ཆོས་ལུགས་དེ་རིག་གནས་གཉིས་པ་ཞིག་གི་བརྒྱུད་ནས་མ་བསྒྱུར་བར། ནང་ཆོས་ཀྱི་མ་ཁུངས་ཏེ། རྒྱ་གར་རང་ནས་བསྒྱུར་རྒྱུའི་ཐག་བཅད་པ་དང་། དེ་ཡང་རྒྱ་གར་གྱི་ནང་ཆོས་ཀྱི་བརྡ་ཆད་རྣམས་ཐད་ཀར་བསྒྱུར་ཐུབ་པའི་བོད་ཀྱི་ཡི་གེ་གསར་གཏོད་དམ་གཏན་འབེབས་བྱས་པ་དེ་ལ་ཐུག་ཡོད།
བོད་ཀྱི་ནང་ཆོས་རྒྱ་གར་ནས་བསྒྱུར་བའི་རྐྱེན་གྱིས་ང་ཚོའི་རིག་གནས་ཀྱི་ཕྱོགས་མང་པོར་རྒྱ་གར་དང་ཐག་ཉེ་པོ་ཆགས་ནས། རྒྱ་གར་དང་བོད་ཀྱི་བར་མིའི་གཟུགས་དབྱིབས་མི་འདྲ་བ་ཡིན་ན་ཡང་། ནང་སེམས་ཀྱི་འཁྱེར་སོའི་ཐད་ཕྱོགས་འདྲ་བའི་རིགས་མང་པོ་འདུག་དྲན།
འདི་ནི་རྒྱ་གར་གྱི་ནང་པའི་ཆོས་ལས་བརྒལ་ཏེ། བོད་མིའི་འཇིག་རྟེན་གྱི་ལྟ་ཚུལ་དང་། རིན་ཐང་། རྩོམ་རིག་སྒྱུ་རྩལ་སོགས་ཀྱི་ཐད་ནས་བཤད་ན། ང་ཚོ་དང་ནང་པའི་རྒྱ་ནག་གི་རིག་གནས་བར་གྱི་འབྲེལ་བ་ལས། ང་ཚོ་དང་རྒྱ་གར་གྱི་ཧིན་དྷུའི་རིག་གནས་བར་གྱི་འབྲེལ་བ་ཐག་ཉེ་བ་ཡོད་པ་མཐོང་ཐུབ།
འོན་ཀྱང་རྒྱ་ནག་གིས་བོད་དབང་སྒྱུར་བྱས་པའི་རྗེས་སུ་བྱུང་བའི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་བསྐྱར་དར་གྱི་བརྒྱུད་ནས་ང་ཚོར་སྲོལ་རྒྱུན་ནས་ཡོད་པའི་རྒྱ་གར་དང་ཉེ་བའི་གནས་སྟངས་ལ་འགྱུར་བ་འགྲོ་འགོ་བཙུགས་ནས། ཐོག་མར་རྒྱ་གར་གྱི་ཤུགས་རྐྱེན་ལ་སྐྱོན་བརྗོད་ཀྱིས་བོད་རང་གི་འཚོ་བ་དང་འབྲེལ་བའི་བརྡ་ཆད་བེད་སྤྱོད་བྱེད་རྒྱུ་འགོ་བཙུགས་པ་དེ་མི་རིགས་ཀྱི་ལ་རྒྱའི་བསམ་བློའི་ཀུན་སློང་འོག་ཏུ་བྱུང་བ་ཞིག་ཡིན་པས་དེ་ནི་བསྔགས་བརྗོད་ཞུ་འོས་པ་ཞིག་ལོས་ཡིན། འོན་ཀྱང་དེས་ང་ཚོ་ཤར་ཨེ་ཤི་ཡའི་རིག་གནས་ཀྱི་རི་གཟར་ངོགས་སུ་མི་ལྷུང་བར་འཛིན་མཁན་རྒྱ་གར་གྱི་རིག་གནས་ཀྱི་རྟོད་ཐག་དེ་ལྷོད་དུ་གཏོང་འགོ་བཙུགས་ཡོད་རེད་དྲན།
ད་ལྟ་བོད་ནང་རྒྱ་ཡིག་ལ་ཧ་ཅང་བྱང་ཆུབ་ཅིང་ཉིན་རེའི་འཚོ་བའི་ཁྲོད་ཀྱི་བསམ་བློ་རྒྱ་སྐད་ནང་གཏོང་བའི་མི་རབས་ཤིག་དར་བའི་སྐབས་འདིར། འཛམ་གླིང་གི་ཚན་རྩལ་རིག་གནས་ཀྱི་ཐ་སྙད་རྣམས་བོད་ཡིག་ནང་བསྒྱུར་སྟངས་ཀྱི་འགྱུར་འགྲོས་གསར་པ་འདི་དང་དེའི་རྗེས་སུ་བོད་ཀྱི་མཁས་བླུན་ཚང་མ་ཤར་སྐྱོད་བྱེད་རྒྱུར་དགའ་བའི་གནས་སྟངས་འདིས། རིང་མིན་རྒྱ་གར་གྱི་རྟོད་ཕུར་ལ་བཏགས་པའི་དབུས་ཨེ་ཤི་ཡའི་རིག་གནས་ཞེས་པའི་རྟོད་ཐག་འདི་བཅད་ནས་ཤར་ཨེ་ཤི་ཡའི་རིག་གནས་ཀྱི་རི་ངོགས་ལས་ཐུར་དུ་འདྲེད་བརྡབ་ཤོར་སར་འཁྲིད་རྒྱུ་ཡིན་པ་གསལ་པོ་རེད་བསམ།
འདི་ནི་རྒྱ་ནག་གི་ཕུགས་འདུན་ཡིན་ལ། ཞི་ཅིན་ཕིང་གིས་བོད་ཀྱི་ནང་ཆོས་ཡན་ཆད་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་འདི་ཡང་འདིའི་ཆེད་དུ་བཟོས་པ་རེད། ནམ་ཞིག་བོད་མིའི་བསམ་བློའི་འཇིག་རྟེན་མཐོང་ཚུལ་དེ་རྒྱ་མི་དང་ཐག་ཇེ་ཉེར་སོང་རྗེས། བོད་ཀྱི་རིག་གནས་ཀྱི་རིགས་མི་འདྲ་བ་ཚང་མ་རང་བཞིན་གྱིས་རྒྱ་ཕྱོགས་སུ་འཁྲིད་རྒྱུ་མ་ཟད། བོད་ཀྱི་ནང་ཆོས་ནང་རྒྱ་ཡི་ནང་ཆོས་ཞུགས་སའི་སྒོ་མོ་ཡང་ཡངས་པོར་ཕྱེ་རྒྱུ་རེད་སྙམ།
འོན་ཀྱང་ཡ་མཚན་པ་ཞིག་ལ། དེང་གི་བོད་ཀྱི་མི་རབས་གསར་པ་ཚོས་ཁ་ནས་བོད་བཙན་པོ་དང་བཙན་པོ་ཟེར་ནས་འབོད་སྒྲ་སྒྲོག་བཞིན་ཡོད་མོད། དོན་དངོས་སུ་བཙན་པོ་སྲོང་བཙན་སྒམ་པོའི་འཆར་གཞི་དང་ཁྲི་སྲོང་ལྡེའུ་བཙན་གྱི་ཐག་གཅོད་བཅས་འཕོངས་ཕྱིས་ཀྱི་རྡོ་ལྟར་དོར་གྱི་མེད་དམ་སྙམ།