ད་བར་ཨ་རིའི་སྲིད་འཛིན་གཞོན་པ་༢༩ སྲིད་འཛིན་གྱི་འོས་མིར་ལངས་པ་ལས་༡༠ ལ་རྒྱལ་ཁ་ཐོབ་མྱོང་ཡོད་འདུག

ཟླ་འདིའི་ཚེས་༡༥ ་ཉིན་རྒྱ་གར་གྱི་བང་ཆེན་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་སྲིད་འཛིན་གཞོན་པ་ཚོས་རང་ཉིད་ཀྱི་ལས་ཡུན་རྫོགས་པའི་རྗེས། སྲིད་འཛིན་གྱི་ལས་གནས་ཆེད་དུ་འོས་བསྡུའི་ནང་མཉམ་ཞུགས་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན་ན་ཡང་། ལོ་རྒྱུས་ཀྱི་ཁྲོད་དུ་རྒྱལ་ཁ་ཐོབ་མཁན་དང་ལམ་ལྷོང་བྱུང་བ་ཧ་ཅང་ཉུང་ཉུང་ཡིན་འདུག

པར། རྒྱ་གར་བང་ཆེན་གསར་ཁང་།

ཕྱི་ལོ་༡༧༨༩ ལོ་ཨ་རིའི་སྲིད་འཛིན་གཞོན་པའི་ལས་ཁུངས་གསར་འཛུགས་བྱས་པ་ནས་བཟུང་། ད་བར་ཨ་རིའི་ནང་སྲིད་འཛིན་གཞོན་པ་༤༩ བྱུང་ཞིང་། སྲིད་འཛིན་གཞོན་པ་དེ་དག་གི་ཁྲོད་ནས་སྲིད་འཛིན་གཞོན་པ་༢༩ ཡིས་རང་ཉིད་ཀྱི་སྲིད་འཛིན་གཞོན་པའི་ལས་ཡུན་རྫོགས་མ་ཐག་གམ། ཡང་ན་ཕྱིས་སུ་ཆབ་སྲིད་ཚོགས་པ་ཞིག་གི་སྲིད་འཛིན་འོས་མིར་ལངས་ནས་སྲིད་འཛིན་གཞོན་པ་༡༠ འོས་བསྡུ་ལས་རྣམ་པར་རྒྱལ་ནས་སྲིད་འཛིན་གྱི་གོ་གནས་ཐོབ་ཡོད་འདུག

ཨ་རིའི་སྲིད་འཛིན་ཧྤ་རན་ཁི་ལིན་ཌི་རོ་སི་ཝེལ་ཊི་(President Franklin D Roosevelt) ་ཡི་སྲིད་འཛིན་གྱི་དུས་ཡུན་དང་པོ་༡༩༣༣ ལོར་འགོ་བཙུགས་པ་ནས་བཟུང་། སྲིད་འཛིན་གཞོན་པ་༡༨ བྱུང་ཡོད་པ་ལས་༡༥ ཡིས་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་བྱས་ཏེ་ལྔ་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཡོད་འདུག

ཨ་རིའི་ཉེས་རབས་ཀྱི་ལོ་རྒྱུས་ཁྲོད་སྲིད་འཛིན་གཞོན་པས་སྲིད་འཛིན་གྱི་གོ་གནས་ཐོབ་ཐབས་བྱེད་པ་ནི་རྒྱུན་ལྡན་དུ་གྱུར་ཡོད་ཀྱང་རྒྱལ་ཁ་ཐོབ་པ་དང་ལམ་ལྷོང་འབྱུང་མཁན་ཉུང་ཉུང་ཡིན་འདུག ད་ལྟའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སིས་ཨ་རིའི་མང་གཙོའི་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མིར་འོས་འདེམས་བྱེད་རྒྱུའི་རེ་བ་བྱེད་བཞིན་ཡོད་པ་ནི། སྲིད་འཛིན་གཞོན་པ་ཞིག་སྲིད་འཛིན་འོས་བསྡུའི་ནང་མཉམ་ཞུགས་བྱས་པ་གསར་ཤོས་སུ་གྱུར་ཡོད་འདུག

གཞན་ཡང་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་དགོངས་པ་ཞུས་ནས་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ལ་རྒྱབ་སྐྱོར་བྱས་པའི་རྗེས། སྲིད་འཛིན་གཞོན་པ་ལ་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་ཕྱིན་ཞིང་། ལོ་འདིའི་ཕྱི་ཟླ་༧ ་གཅིག་པུའི་ནང་ཨ་སྒོར་ས་ཡ་༣༡༠ ལྷག་འདུ་འགོད་བྱས་ཡོད་འདུག

ཟླ་འདིའི་ཚེས་༡༩ ་ཉིན་ཨ་རིའི་མང་གཙོ་ཚོགས་པའི་ཐུས་མི་རྒྱས་འཛོམས་དེ་ཨ་རིའི་མངའ་སྡེ་ (Chicago) ་ལ་ཚོགས་ནས་མང་གཙོ་ཚོགས་པའི་གཞུང་འབྲེལ་གྱི་སྲིད་འཛིན་འོས་མི་འདེམས་རྒྱུ་རེད་འདུག ལྷག་པར་དུ་ཟླ་༩ པའི་ཚེས་༡༠ ་ཉིན་ཨེ་བྷི་སི་བརྙན་འཕྲིན་ལས་ཁང་གི་གོ་སྒྲིག་འོག་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་ཐེངས་གཉིས་པ་དེ་འཚོག་རྒྱུ་དང་། ཟླ་༡༡ པའི་ཚེས་༥ ་ཉིན་དངོས་གཞིའི་འོས་བསྡུ་དང་ཕྱི་ལོ་༢༠༢༥ ཟླ་༡ ཚེས་༢༠ ཉིན་སྲིད་འཛིན་གསར་པའི་དམ་འབུལ་གྱི་མཛད་སྒོ་འཚོག་རྒྱུ་བཅས་རེད་འདུག

ཨ་རིའི་སྲིད་འཛིན་འོས་བསྡུར་བསླེབ་པར་ཟླ་བ་གསུམ་ཙམ་ལས་མེད་ཅིང་། སྲིད་འཛིན་འོས་མི་གཉིས་ཀྱི་བར་འགྲན་བསྡུར་གྱི་རྣོ་ངར་ཇེ་ཆེར་འགྲོ་བཞིན་ཡོད་འདུག གལ་སྲིད་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་ལ་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་ཆེ། ཨ་རིའི་ལོ་རྒྱུས་ཁྲོད་བུད་མེད་ཀྱི་སྲིད་འཛིན་དང་པོ་དེ་ཆགས་རྒྱུ་རེད་འདུག།།

གསར་འགོད་པ། བློ་བཟང་རྒྱ་མཚོ།

ཁྱེད་ཀྱིས་གཟིགས་མེད་སྲིད།