ད་ལྟའི་ཆར་རྒྱ་བལ་གཉིས་ནང་བོད་མི་ཏོག་ནད་ཕོག་མཁན་༧༠ ཙམ་འདུག
ཟླ་འདིའི་ཚེས་༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༡༠༠ དེ་དྷ་ས་གངས་སྐྱིད་ནས་དྲ་ལམ་བརྒྱུད་སྤེལ་བ་དང་། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་ནད་ཡམས་གསར་པ་ཕོག་པ་མི་གྲངས་༧༠ ཙམ་ཡོད་པ་རེད།
ཟླ་འདིའི་ཚེས་༢༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་༡༠༠ དེ་དྷ་ས་གངས་སྐྱིད་ནས་དྲ་ལམ་བརྒྱུད་སྤེལ་བ་དང་། ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་ནད་ཡམས་གསར་པ་ཕོག་པ་མི་གྲངས་༧༠ ཙམ་ཡོད་པ་རེད།
ད་བར་ནད་རླབས་དང་པོ་དང་གཉིས་པ། གསུམ་པ་བཅས་བྱུང་བ་རེད། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་སུ་གྲངས་ཐོ་འབྱོར་བ་ལྟར་ན། ཕྱི་ལོ་ ༢༠༢༢ ཟླ་བ་དང་པོ་ནས་འགོ་བཙུགས་ཏེ་ད་བར་རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་༢༠༠༠ ཙམ་ལ་ནད་རླབས་གསུམ་པ་འདི་ཕོག་ཡོད་པ་དང་། དེའི་ནང་ནས་མི་གྲངས་ལྔ་འདས་གྲོངས་སུ་གྱུར་འདུག ད་ལྟའི་ཆར་རྒྱ་གར་དང་བལ་ཡུལ་ནང་ནད་ཡམས་གསར་པ་ཕོག་པ་མི་གྲངས་༧༠ ཙམ་ཡོད་པ་རེད།
ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ཀྱིས། “ས་གནས་སོ་སོའི་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་ཚང་མའི་ངོས་ནས་ས་གནས་ཀྱི་གནས་སྟངས་ལ་གཞིག་པའི་ས་གནས་སོ་སོའི་འགོ་དབྱེ་ཟུར་འཇོག་ཁང་ཟུར་དུ་དགོས་མིན་དང་། ཏོག་དབྱིབས་གཉན་རིམས་གསོ་བཅོས་ཁང་ཟུར་དུ་དགོས་ཀྱི་འདུག་གམ་མི་འདུག དེ་དག་གི་སྐུ་དབང་ས་གནས་སོ་སོའི་ཛ་དྲག་ལས་དོན་ཚོགས་ཆུང་ལ་ཕུལ་ཟིན་པ་ཡིན། ས་གནས་སོ་སོའི་ཛ་དྲག་ལས་དོན་ཚོགས་ཆུང་སོ་སོས་དེའི་སྐོ་གོ་བསྡུར་དང་། མི་མང་ཕར་འགྲོ་ཚུར་འོང་བདེ་པོ་ཡོང་ཐབས་དང་ནད་ཡམས་ཁྱབ་བརྡལ་མི་འགྲོ་བའི་ཐབས་ཤེས་ཐོག་རྣམ་པ་ཚོ་ཚང་མས་གྲོས་བསྡུར་གནང་རོགས་ཞེས་ཡིག་ཐོག་ནས་འབོད་སྐུལ་ཞུས་པ་ནང་བཞིན་ད་རེས་ཡང་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
ཚོགས་ཆུང་གི་ཚོགས་གཙོས་མུ་མཐུད་ལམ་སྟོན་གནང་དོན། “ད་ལྟའི་ཆར་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་ནས་དམིགས་སུ་བཀར་ནས་ལྟ་རྟོགས་བྱེད་ཡུལ་གཙོ་བོ་དགུང་ལོ་༦༠ ཡན་དང་། སྔོན་འགོག་སྨན་ཁབ་མ་བརྒྱབ་པ་རྣམས། དེ་བཞིན་དུས་ཡུན་བླ་གཉན་གྱི་ན་ཚ་སོགས་ཡོད་མཁན་རྣམས་ལ་ནད་རྟགས་ཕྲན་བུ་ཐོན་པ་ཡིན་ན། སོ་སོའི་ངོས་ནས་འགན་འཁྱེར་ཏེ་བརྟག་དཔྱད་གནང་རྒྱུ་དང་། སྨན་ཁང་སོ་སོའི་ངོས་ནས་བླ་གཉན་གྱི་ན་ཚ་ཡོད་མཁན་དང་དགུང་ལོ་༦༠ ཡན། སྔོན་འགོག་སྨན་ཁབ་མ་བརྒྱབ་པ་དེ་དག་ལ་དམིགས་སུ་བཀར་ནས་ལྷོད་གཡེང་མེད་པར་གཟིགས་རྟོགས་ནན་པོ་གནང་རོགས་ཞེས་ཡིག་ཐོག་འབོད་སྐུལ་ཞུས་པ་བཞིན་ད་རེས་སླར་ཡང་ཁྱབ་ཁོངས་སྨན་ཁང་ཆེ་འབྲིང་ཆུང་གསུམ་དང་འགན་འཁྱེར་མཁན་ཡོངས་ལ་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།
རྡ་ས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས་ལམ་སྟོན་གནང་བ་ལྟར་ན། ཏོག་དབྱིབས་གཉན་རིམས་ཕོག་པ་ཡིན་ན་གཙོ་བོ་གློ་བར་སྐྱོན་རྒྱག་གི་ཡོད་པ་དང་། འོན་ཀྱང་སྙིང་དང་། མཁལ་མ། རྩ་སོགས་ལའང་སྐྱོན་རྒྱག་གི་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་ནང་་ཏོག་དབྱིབས་གཉན་རིམས་ཀྱི་གནས་སྟངས་བཟང་དུ་འགྲོ་གི་ཡོད་པ་དང་། འདས་པའི་ཆུ་ཚོད་༢༤ ནང་རྒྱ་གར་དུ་ནད་གཞི་གསར་པ་ཕོག་མཁན་མི་གྲངས་སྟོང་ཕྲག་བཅུ་བཞི་དང་བརྒྱ་དང་བཞི་བཅུ་ཞེ་བརྒྱད་བྱུང་འདུག་པ་དང་། ནད་ཡམས་འདི་ལ་བརྟེན་ནས་མི་གྲངས་གསུམ་བརྒྱ་གཉིས་འདས་གྲོངས་སུ་གྱུར་འདུག་ཡོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།