དཀར་མཛེས་ལྕགས་ཟམ་རྫོང་དུ་ས་ཡོམ་ཁྲོད་མི་༦༥ རྐྱེན་ལམ་དུ་ཤོར་ཡོད་འདུག
ཁ་སང་རྒྱ་གར་གྱི་ཞོགས་པ་ཆུ་ཚོད་༡༠།༣༠ དང་བོད་ནང་གྱི་ཆུ་ཚོད་༡༢།༥༢ ཐོག་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དུ་ཚད་རིམ་༦་༨ ཅན་གྱི་ས་ཡོམ་བརྒྱབ་སྟེ་དཀར་མཛེས་ཁུལ་དུ་མི་གྲངས་༦༥ རྐྱེན་འདས་སུ་ཕྱིན་ཡོད་དང་མི་གྲངས་༢༢༦ ལྷག་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག
ཟླ་འདིའི་ཚེས་༥ ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་དུ་ཚད་རིམ་༦་༨ ཅན་གྱི་ས་ཡོམ་དོན་རྐྱེན་བྱུང་ནས་མི་མང་གི་སྡོད་ཁང་དང་གཞུང་ལམ་སོགས་ལ་རྡིབ་སྐྱོན་བྱུང་ནས་དཀར་མཛེས་ལྕགས་ཟམ་རྫོང་ས་ཁུལ་ལ་ས་ཡོམ་དོན་རྐྱེན་ཁྲོད་མི་གྲངས་༦༥ རྐྱེན་འདས་སུ་ཕྱིན་པ་ཡོད་པ་དང་། དེའི་ཁྲོད་དཀར་མཛེས་ཁུལ་ནས་མི་གྲངས་༣༧ དང་གཡག་རྔ་གྲོང་ཁྱེར་ནས་མི་གྲངས་༢༨ བཅས་ཚུད་ཡོད་པ་དང་། མི་གྲངས་༢༢༦ ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་མ་ཟད། ད་ལྟའི་ཆར་མི་༡༦ གར་སོང་ཆ་མེད་དུ་འགྱུར་ཡོད་འདུག
གཞན་ཡང་དོན་རྐྱེན་དེ་བྱུང་བའི་རྗེས་དཀར་མཛེས་བོད་རིགས་རང་སྐྱོང་ས་ཁུལ་ནས་ཁྱོན་མི་ཁྲི་༥ ལྷག་ཙམ་གནས་སྐབས་ཉེན་གཡོལ་གོ་སྒྲིག་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་དོན་རྐྱེན་བྱུང་ཡུལ་ས་གནས་ས་ཐོག་དུ་མྱུར་སྐྱོབ་ལས་དོན་ཆེད་རྒྱ་ནག་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། མེ་ཟོན་ཚན་པ། སྨན་བཅོས་རོགས་སྐྱོར་ཚན་པ་བཅས་མི་སྣ་༦༥༠༠ ལྷག་ཙམ་བཏང་ཡོད་པ་དང་། དེ་བཞིན་ཐད་འཕུར་གནམ་གྲུ་༤ དང་མི་མེད་མྱུལ་ཞིབ་གནམ་གྲུ་༢ ཀྱིས་གནོད་འཚེ་ཕོག་ཁུལ་དུ་མཁའ་ལམ་ནས་མྱུལ་ཞིབ་ལས་དོན་སྤེལ་ཡོད་འདུག
དེ་ཡང་ཟླ་༨ འདིའི་ཚེས་༧ ཉིན་ལྷ་ས་གྲོང་ཁྱེར་ནང་དུ་མི་བཅོ་བརྒྱད་ལ་ཏོག་དབྱིབས་ནད་དུག་ཕོག་པའི་གནས་ཚུལ་ཐོན་པའི་རྗེས། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་སྒོ་རྒྱ་བསྡམས་འགོ་བཙུགས་ཡོད་པ་མ་ཟད། མང་ཚོགས་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་ལ་མ་ལྟོས་པར་སྡོད་ཁང་ཁག་ཏུ་ལྕགས་སྒོ་བཙུགས་ནས་ཟུར་བཀག་བྱས་པའི་གནས་ཚུལ་སྤྱི་ཚོགས་དྲ་རྒྱའི་ཐོག་མཐོང་རྒྱུ་ཡོད་པར་བརྟེན། ས་ཡོམ་གྱི་དོན་རྐྱེན་ཁྲོད་ཤི་རྨས་བྱུང་བའི་བོད་མི་དེ་དག་ཀྱང་རང་ཁྱིམ་དུ་ལུས་ནས་ཕྱིར་ཐོན་མི་ཐུབ་པའི་གནས་སྟངས་སུ་འགྱུར་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག།
གསར་འགོད་པ། ཆོས་གྲགས།
གནས་ཚུལ་འདུ་ལེན་པ། བདེ་སྒྲོན།