དཀོན་མཆོག་རབ་བརྟན་གྱི་སྒྱུར་དེབ་མུ་ཏིག་དབུ་འབྱེད་གནང་སོང་།
ཟླ་༡༢ པའི་ཚེས་༣༠ ཉིན་རྡ་ས་གྷམ་རུ་རྒྱ་གར་གྲོང་གསེབ་ཏུ་ཡོད་པའི་དོ་ར་ཟ་ཁང་དུ། དཀོན་མཆོག་རབ་བརྟན་གྱིས་བོད་སྒྱུར་ཞུས་པའི་བརྩམས་སྒྲུང་གྲགས་ཅན་མུ་ཏིག་དབུ་འབྱེད་གནང་སོང་། དེབ་པར་སྐྲུན་ཞུ་མཁན་ནི་བོད་སྨྱུག་དཔེ་སྐྲུན་ཡིན་པ་རེད།
སྤྱིར་བཏང་ལོ་སྔོན་མར་དཀོན་མཆོག་རབ་བརྟན་གྱིས་བོད་སྒྱུར་ཞུས་པའི་བརྩམས་སྒྲུང་གྲགས་ཅན་བུ་ཆུང་ཕེ་ནོ་ཁོའི་གཏམ་རྒྱུད་དངོས་སུ་འགྲེམས་སྤེལ་བྱས་ཏེ། རྒྱ་ཆེའི་ཀློག་པ་པོ་ཚོས་དགའ་མོས་ཆེན་པོ་ཐོབ་ཡོད་པ་རེད།
ཐེངས་འདིར་སྒྱུར་པ་པོ་ཁོང་ལ་འཛམ་གླིང་ནང་བརྩམས་སྒྲུང་གྲགས་ཅན་མང་པོ་ཡོད་པའི་ཁོངས་ནས། མུ་ཏིག་བོད་སྒྱུར་བྱེད་དགོས་དོན་སྐད་ཆ་དྲིས་པས། ཁོང་གིས་རང་ཉིད་རྩོམ་པ་པོ་(John Steinbeck)ཡིི་བརྩམས་ཆོས་ལ་དགའ་མོས་ཆེན་པོ་ཡོད་པ་དང་། ཁོང་གི་བརྩམས་སྒྲུང་ཞིག་བོད་སྒྱུར་བྱེད་རྒྱུའི་འདུན་པ་ཆེན་པོ་ཡོད་ཀྱང་། ཁོང་གི་བརྩམས་སྒྲུང་གྲགས་ཅན་མང་པོ་ཞིག་དབྱིན་ཡིག་ཐོག་ནས་ཤིན་ཏུ་སྙན་པོ་ཡོད་ཀྱང་། བོད་ཡིག་ཐོག་སྒྱུར་ཚེ་མི་སྣ་མང་དྲགས་པ་དང་དེང་རབས་འཕྲུལ་ཆས་ཀྱི་བརྡ་ཆད་མང་དྲགས་པ། བརྩམས་སྒྲུང་གི་བྱུང་རིམ་མགོ་རྙོག་ཆེ་དྲགས་པ་སོགས་ལ་བརྟེན་ནས་བོད་སྒྱུར་བྱས་ཚེ་ཀློག་བདེ་པོ་དང་སྙན་པོ་ཆགས་ཀྱི་མ་རེད་དྲན་གྱི་འདུག འོན་ཀྱང་ཁོང་གི་བརྩམས་སྒྲུང་མུ་ཏིག་ནི་གཞན་དང་མི་འདྲ་བར་མི་སྣ་ཉུང་བ། སྒྲུང་གི་དོན་རྐྱེན་དང་བྱུང་རིམ་རྙོག་འཛིང་ཉུང་བ།གཏམ་རྒྱུད་ནང་དུ་ཚན་རྩལ་དང་དེང་རབས་ཀྱི་བརྡ་ཆ་མེད་པས། བོད་སྒྱུར་ཞུས་ན་ལས་སླ་བ་དང་གོ་བདེ་བ་ཡིན་པས་བོད་སྒྱུར་བྱས་པ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
དེབ་ཀྱི་སྒྱུར་པ་པོའི་གཏམ་ནང་དུ། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༢༤ ཉིན་གྱི་སྔ་དྲོར་ང་རང་བྱིས་པའི་ཆམ་སྨན་ཉོ་རུ་ཀུ་ཤལ་(Kushalnagar)དུ་འགྲོ་བའི་ལམ་བར་ནས་ཉིན་གཉིས་ཀྱི་སྔོན་དུ་རྨིས་པའི་རྨི་ལམ་དེར་སླར་ཡང་བསམ་བློ་བཏང་ཞིང་། ཇི་ལྟར་ཡི་གེར་འབེབས་མིན་ལ་སེམས་ནས་བཀོད་སྒྲིག་བྱས། ད་ལྟ་ཕྱིར་དྲན་བྱེད་དུས། རྨི་ལམ་དེའི་དོན་རྐྱེན་གཙོ་བོ་དེ་ལས་གཞན་ཕལ་མོ་ཆེ་དྲན་འཛིན་ལས་ཡལ་ཟིན་འདུག རྨི་ལམ་དེ་ཇི་ལྟར་འགོ་ཚུགས་པའང་བརྗོད་མི་ཐུབ། ངའི་སེམས་སུ་བསྡད་ཡོད་པ་ནི་ང་རང་གྲོགས་པ་གཉིས་(ད་ལྟ་སུ་ཡིན་དྲན་མི་ཐུབ།)དང་ལྷན་དུ་༧རྒྱལ་བ་རིན་པོ་ཆེའི་གཟིམ་ཆུང་དུ་འདུག་ཅིང་། རིན་པོ་ཆེས་ཐུགས་བརྩེ་ཆེན་པོས་ངེད་གསུམ་ལ་ཟས་རིགས་སྣ་ཚོགས་ཀྱིས་སྣེ་ལན་གནང་གཞིན་འདུག གཟིམ་ཆུང་དུ་སྐུ་འཁོར་གཞན་སུ་གཅིག་ཀྱང་མེད་པར་རིན་པོ་ཆེ་ཁོང་སྐུ་ངོ་མས་ངེད་གསུམ་ཤིན་ཏུ་ཐུགས་བརྩེ་བརྩེས་ཞལ་ལག་སྩོལ་བཞིན་མཆིས། ང་ཚོ་ཁོང་གི་བྱམས་བརྩེ་དང་ཞལ་ལག་གིས་ཡོངས་སུ་ཚིམས་ནས་ཁོང་གི་གཟིམ་ཁང་ནས་འཐོན་ཁར། ང་རང་ཁོང་གི་སྐུ་གམ་དུ་བཅར་ནས་ང་ལ་སྒྱུར་འདོད་པའི་དེབ་གཉིས་འདུག་པ་ལས་གང་ཞིག་བདམས་ནས་བསྒྱུར་ན་བཟང་བ་ཡོད་པའི་བཀའ་འདྲི་ཞུས་པར། ཁོང་གིས་ཐེ་ཚོམ་ཅི་ཡང་མེད་པར“མུ་ཏིག”ཅེས་པའི་བརྩམས་སྒྲུང་དེ་བསྒྱུར་ན་ལེགས་ཞེས་གསུངས། གཞན་དེ་ནི་ངས་དེང་སྐབས་ཀློག་མུས་སུ་ཡོད་པའི་<<བོད་དུ་བསྐྱལ་བའི་ལོ་གསུམ།>>ཞེས་པ་དེ་རེད། ངོ་མ་ཉེ་བའི་ཉིན་འདི་དག་ལ་ང་རང་དེབ་སྤུས་ལེགས་འདི་གཉིས་ལས་གང་ཞིག་སྒྱུར་དགོས་མ་ཤེས་པར་སུམ་ཉིའི་དྲ་བར་ཚུད་ནས་བསྡད་ཡོད། ཉོ་ཆ་བརྒྱབས་ཚར་ནས་ཁྱིམ་དུ་ལོག་བཞིན་པའི་ཚེ། ངས་རྨི་ལམ་དེ་རིན་པོ་ཆེའི་ལུང་བསྟན་ལ་གོ་ན་མི་འགྲིག་པ་གང་ཡང་མེད་པ་རྟོགས་ཤིང་། དངོས་གནས་རྟགས་མཚན་ཞིག་ཡིན་སྲིད་བསམས། གང་ལྟར་རྨི་ལམ་དེ་བྱུང་རྗེས། ངས་དེབ་རྩ་ཆེན་དེ་གཉིས་ལས་གང་ཞིག་སྔོན་དུ་སྒྱུར་བའི་ཐག་བཅད་ཟིན—དེ་ནི་<<མུ་ཏིག>>རེད། ད་ནི་དངོས་སུ་ལས་ལ་འཇུག་རྒྱུ་ལས་ལྷག་མེད་ཅེས་བྲིས་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།