དཀོན་སྡེས་རིན་པོ་ཆེས་བརྩམས་པའི་དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་དེབ་དབུ་འབྱེད་གནང་སོང་།
ཟླ་༩ པའི་ཚེས་༢༨ ཉིན་དྷ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། དཀོན་སྡེས་རིན་པོ་ཆེས་བརྩམས་པའི་དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་དེབ་དབྱིན་བོད་གཉིས་ཐོག་ནས་དབུ་འབྱེད་གནང་སོང་བ་དང་། དེ་གར་དཀོན་སྡེས་རིན་པོ་ཆེ་དང་། སྐུ་མགྲོན་གཙོ་བོ་ཨ་སྐྱོ་རིན་པོ་ཆེ་དང་དགེ་བཤེས་ལྷག་རྡོར། དེ་བཞིན་མཱ་ལེ་ཤི་ཡ་དང་སིང་གྷ་པུར་ནས་སླེབས་པའི་སྐུ་མགྲོན་༥༠ ལྷག་བཅས་སོགས་མཉམ་ཞུགས་གནང་སོང་།
དཀོན་སྡེས་རིན་པོ་ཆེས་ཁོང་གི་རྨི་ལམ་ཞིག་གི་ནང་དུ་ཡ་རབས་བཟང་སྤྱོད་ལུས་ཀྱི་དྲན་རྟེན་ཡིན། ཁ་འཇམ་ཚིག་སྙན་ངག་གི་དྲན་རྟེན་ཡིན། བྱམས་དང་སྙིང་རྗེ་ཡིད་ཀྱི་དྲན་རྟེན་ཡིན། གཞན་ཕན་བྱང་སེམས་ཀུན་གྱི་དྲན་རྟེན་ཡིན་ཞེས་པ་རྨིས་ཡོད་པས། རྫོགས་ཆེན་རིན་པོ་ཆེ་དང་བླ་མ་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ཚིག་འདི་དག་ཤིན་ཏུ་གལ་ཆེན་པོ་རེད་འདུག་པས། འདི་དག་ལ་འགྲེལ་བཤད་བརྒྱབ་ན་ཡག་པོ་ཡོད་སྐོར་གསུངས་པ་ལྟར། རྒྱ་གར་ས་གནས་མང་པོ་ཞིག་ལ་ཚིག་འདི་དག་གི་ཐོག་ལ་འགྲེལ་བཤད་བརྒྱབ་པར་སོང་ཡོད་པ་དང་། ཐེངས་འདིར་ཚིག་འདི་དག་ལ་བརྟེན་ནས་དགའ་སྐྱིད་འཛོམས་པའི་ནང་མི་ཞེས་པའི་དེབ་བརྩམས་ཡོད་པ། དེ་ཡང་ནང་ཚང་ཚང་མ་དགའ་སྐྱིད་འཛོམས་པའི་ཐོག་ནས་འཚོ་བ་སྐྱེལ་འདོད་ཡོད་པ་དང་། དེ་ལྟར་ཡོང་བར་དེབ་འདིའི་ནང་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཉམས་ལེན་ཇི་ལྟར་གནང་དགོས་ཚུལ་འཁོད་ཡོད་པས་གལ་ཆེན་པོ་ཆགས་ཡོད་པ། ཁོང་གིས་བོད་མིའི་སྤྱི་ཚོགས་ལ་ཕན་ཐོགས་དང་བོད་ཡིག་གི་དེབ་ཉུང་ཉུང་ཡིན་པའི་སྟོང་ཆར་ཁ་སྐོང་ཡོང་ཆེད་དུ། ད་བར་བརྩམས་པའི་དེབ་ཚང་མ་ཐོག་མར་བོད་ཡིག་ཐོག་བརྩམས་ནས་པར་སྐྲུན་བྱེད་ཀྱི་ཡོད་པ་དང་། དེའི་རྗེས་སུ་དབྱིན་ཡིག་དང་རྒྱ་ཡིག་བཅས་ཀྱི་ཐོག་ཏུ་བསྒྱུར་ནས་པར་སྐྲུན་བྱེད་ཀྱི་ཡོད་པས། བོད་མི་ཤེས་ཡོན་པ་ཚོས་ཀྱང་བོད་མིའི་སྤྱི་ཚོགས་ལ་ཕན་པའི་དེབ་གང་མང་རྩོམ་རྒྱུ་གལ་ཆེན་ཆགས་ཡོད་སྐོར་གསུངས་སོང་།
དེབ་འདིའི་ནང་ལུས་ཀྱི་དྲན་རྟེན། ངག་གི་དྲན་རྟེན། ཡིད་ཀྱི་དྲན་རྟེན། ཀུན་གྱི་དྲན་རྟེན་བཅས་ལེའུ་བཞི་འདུག་པ་དང་། དྲི་བ་དྲིས་ལན་གྱི་ཚུལ་དུ་འབྲི་རྩོམ་གནང་འདུག
ཨ་སྐྱོ་རིན་པོ་ཆེས་དེབ་དབུ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་བ་དང་། དེབ་དེ་རྒྱ་ཡིག་ཐོག་ཏུ་བསྒྱུར་ནས་པར་སྐྲུན་བྱེད་རྒྱུ་ཐག་གཅོད་བྱས་ཟིན་སྐོར་གསུངས་སོང་།
དགེ་བཤེས་ལྷག་རྡོར་གྱིས་དེབ་དབུ་འབྱེད་གནང་རྗེས། མི་ཚང་མར་བདེ་སྐྱིད་དགོས་ཀྱི་ཡོད་པ་དང་། བདེ་སྐྱིད་དེ་ཡང་ནང་བསམ་བློའི་ཐོག་ཡོང་གི་ཡོད་པ་ལས། ཕྱི་དངོས་པོའི་ཐོག་ནས་ཡོང་གི་མེད་པས། རང་གི་སྟངས་འཛིན་འོག་ཏུ་ཡོད་པའི་བསམ་བློ་དེ་བཟང་པོའི་ཕྱོགས་སུ་འགྱུར་བ་གཏོང་རྒྱུ་གལ་ཆེན་ཡིན་པ། ནང་མི་ཞིག་བདེ་སྐྱིད་ལྡན་པ་ཡོང་བར་ཐོག་མར་ནང་མི་རེ་རེ་ལ་བདེ་སྐྱིད་ཀྱི་བསམ་བློ་ལྡན་པ་དགོས་ཀྱི་ཡོད་པ་དང་། དེ་ནས་ནང་མི་བདེ་སྐྱིད་ལྡན་པ་ཡོང་བ་། སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཡོང་གི་ཡོད་པས། དགའ་སྐྱིད་ལྡན་པའི་ནང་མི་ཞེས་པའི་དེབ་འདི་དཀོན་སྡེས་རིན་པོ་ཆེས་བརྩམས་གནང་བར་བསྔགས་བརྗོད་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོང་བའི་རེ་བ་ཡོད་སྐོར་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།