དཀྲོག་གཏམ་རྒྱབ་ཀྱི་འདྲེ་ལག
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༤ ཆེད་བརྗོད། )
དྲ་རྒྱའི་དུས་རབས་འདིར་འཛམ་གླིང་ཤར་ནུབ་ཀུན་ཏུ་དྲ་རྒྱའི་ནུས་སྟོབས་ལ་བརྟེན་ནས་ཤེས་ཡོན་ཡར་རྒྱས་དང་། ཕྱུག་བདག་ཆེན་པོར་གྱུར་པ་སོགས་གྲངས་ཀྱིས་མི་ལོངས་པ་ཞིག་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱང་རང་དབང་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་ཏུ་གནས་སྡོད་བྱས་ཡོད་པས་དྲ་རྒྱའི་ནུས་པར་བརྟེན་ནས་ཤེས་ཡོན་དང་ཚོང་ལས་ཡར་རྒྱས་ཀྱི་གོ་སྐབས་ཡོད་པ་དེ་དམ་འཛིན་ངེས་པར་དུ་ཐུབ་དགོས་པ་ཞིག་རེད། འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དྲ་རྒྱའི་ནུས་པ་ལ་བརྟེན་ནས་ཤེས་ཡོན་ཡར་རྒྱས་དང་། ཚོང་ལས་ལ་ཙག་ཙིག་ཙམ་ལས་རྒྱ་ཆེན་པོ་གཉེར་ཐུབ་མཁན་ཞིག་གཏན་ནས་མེད། དཔེར་ན་དཔལ་འབྱོར་གཅིག་པུའི་ཐོག་ནས་སྤྱི་ཚོགས་དྲ་ལམ་ངོ་དེབ་(Φαχεβοοκ)དང་། ཨིན་སི་ཊ་གྷ་རམ་(Ινσταγαρμ) སྐད་འཕྲིན་(ΩηατσΑππ) བཅས་ཀྱི་བདག་པོ་རང་ལོ་བཞི་བཅུ་ཡིན་པ་ཨ་རིའི་ཕྱུག་བདག་མརྐ་ཛུ་ཀར་བྷེག་(Μαρκ Ζυχκαρβεργ)ལ་མཚོན་ན་ད་ལྟའི་ཆར་ཨ་སྒོར་ཐེར་འབུམ་༡༧༤.༩ ཡོད་པའི་འཛམ་གླིང་གི་ཕྱུག་བདག་ཨང་བཞི་པར་གྱུར་ཡོད།
བོད་པའི་ཁ་རྒྱུན་དུ་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པ་བཞིན། ད་ལྟའི་དུས་འདིར་རང་ཉིད་ཀྱི་ཤེས་ཡོན་དང་སྙིང་སྟོབས། དེ་བཞིན་ནུས་པ་བཅས་ཀྱིས་འདེང་ན་མི་ཚང་མར་གོ་སྐབས་འདྲ་མཉམ་དུ་ཡོད། དཔེར་ན་ཨ་རིའི་མི་སེར་ཡིན་པ་དང་ཤེས་ཡོན་ཡོད་པའི་བོད་མི་དག་ལ་མཚོན་ན་ཁོང་(Μαρκ Ζυχκαρβεργ)དང་གོ་སྐབས་གཅིག་མཚུངས་ཡིན་པ་ལས་དམིགས་བསལ་གྱི་བཀག་རྒྱ་གང་ཡང་མེད། གང་ལྟར་བཙན་བྱོལ་བོད་མིའི་ངོས་ནས་འདི་ལྟ་བུའི་ནུས་པ་དང་སེམས་ཤུགས་ཡོད་མཁན་ད་དུང་འཚར་ལོང་བྱུང་མེད་པ་མ་ཟད་རྨི་ལམ་ཙམ་གཏོང་མཁན་ཡང་དཀོན་པོ་ཡིན། མ་འོངས་པར་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་འཚར་ལོང་བྱུང་བའི་ན་གཞོན་རྣམས་ལ་ལས་རིགས་གང་གི་ཐོག་ནས་ཀྱང་གོ་སྐབས་འདྲ་མཉམ་ཡོད་པས། དེ་ལུགས་ཀྱིས་ནུས་པ་འདོན་ཐུབ་པའི་གྲ་སྒྲིག་དང་རྩོད་ལེན་བྱེད་མ་ཐུབ་ན་ཤེས་ཡོན་ཅན་ཞེས་པ་ནི་དུས་རྒྱུན་མི་གཞན་གྱི་ཞབས་ཞུ་བའམ། གཡོག་པོ་ཙམ་ལས་ནུས་ཤུགས་ལྡན་པའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་ཞིག་ཏུ་འགྱུར་དཀའ།
གོང་དུ་བརྗོད་པ་དེ་དག་རྒྱ་ཆེ་ས་ནས་བཤད་པ་ཙམ་ཡིན་པས་མརྐ་ཛུ་ཀར་བྷེག་ལྟ་བུའི་ན་གཞོན་འཇོན་ཐང་ཅན་ནི་རྒྱ་ནག་དང་། རྒྱ་གར་ལྟ་བུའི་རྒྱལ་ཁབ་ཏུའང་ད་བར་བྱུང་མྱོང་མེད་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུ་འདིའི་ནང་མེད་པར་ཧ་ལས་དགོས་པ་ཞིག་མིན་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་ཚོགས་དྲ་རྒྱ་བེད་སྤྱོད་ལེགས་ཕྱོགས་སུ་གཏོང་མ་ཐུབ་པ་མ་ཟད། སྤྱི་ཚོགས་དྲ་རྒྱ་ལ་བརྟེན་ནས་གནད་དོན་ཆུང་ཆུང་ཆེན་པོ་བཟོས། ཆེན་པོ་ཛ་དྲག་ཏུ་སྒྱུར་བའི་ལག་ཆ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་མི་རྒན་དར་གཞོན་གསུམ་ཚང་མའི་ལག་ཏུ་སྤྱོད་བདེའི་ཁ་པར་(Σμαρτπηονε)མེད་མཁན་ཞིག་ཕལ་ཆེར་མེད་ལ། ཡོད་པ་དག་གིས་ཀྱང་བཟང་ཕྱོགས་སུ་བེད་སྤྱོད་མ་ཐུབ་པར་དུས་རྒྱུན་སྤྱི་ཚོགས་ཀྱི་རྩོད་རྙོག་གང་རུང་གི་ཕྱོགས་སྔ་བཟུང་ནས། སྒྲོ་འདོགས་དང་འུད་སྒྲོག་དཀྲོག་གཏམ་སྤེལ་མཁན་དག་གི་དམིགས་ཡུལ་བཞིན། ད་ལྟའི་དུས་འདིར་བཙན་བྱོལ་བོད་མི་མང་པོ་ཞིག་དེ་དག་གི་བཀོལ་སྤྱོད་དང་གཡོ་འོག་ཏུ་ཡོངས་སུ་ཚུད་ཡོད།
སྤྱི་ཚོགས་དྲ་ལམ་ཁག་ཏུ་འུར་སྒྲོག་བྱེད་མཁན་དག་གིས་གནས་ཚུལ་གང་བྱུང་ཡོད་པའི་ཕྱོགས་ངོས་དང་གནས་སྟངས་ཆ་ཚང་མི་རྗོད་པར། ཟུར་གཅིག་ཙམ་ལ་སྒྲོ་འདོགས་འུད་སྒྲོག་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ལ་ཞེན་ཁོག་ཡིན་མདོག་དང་། ཕྱོགས་གཅིག་ལ་ཁ་གཏད་གཅོག་མཁན་ཡིན་པའི་རྣམ་འགྱུར་བསྟན་ཡོང་དུས། མི་མང་ཆེ་བ་དེ་ལ་མགོ་འཁོར་ནས་སེམས་ཁྲལ་དང་ཁོང་ཁྲོ་ཆེན་པོ་སྐྱེ་བཞིན་ཡོད་པ་དང་། དོན་དངོས་ཀྱི་གནས་སྟངས་ཡོངས་རྫོགས་སྤྱི་ཚོགས་དྲ་ལམ་དུ་འུད་སྒྲོག་བྱེད་དག་གི་བརྗོད་པ་ལྟར་མིན་ཡང་། ཕྱོགས་གང་ས་ནས་འུད་སྒྲོག་བྱེད་མཁན་དག་གི་རྗེས་སུ་རང་བཞིན་གྱིས་འབྲངས་པ་ལྟ་བུ་དང་། འུད་སྒྲོག་གི་རིགས་ལ་དོ་སྣང་བྱེད་མཁན་མང་བ་ཡོད་པ་ནི་སྨྲོས་མི་དགོས་པ་ལྟ་བུར་གྱུར་འདུག ལྷག་པར་དུ་སློབ་སྦྱོང་བྱེད་མ་མྱོང་མཁན་དང་། རྒན་ཁོག་རྣམས་བློ་ཁ་སྒྱུར་སླ་བ་ཡོད་ཅིང་། ན་གཞོན་སློབ་སྦྱོང་བྱེད་མྱོང་མཁན་ཕལ་ཆེ་བ་དེ་ལ་བརྟེན་ནས་རྩོད་རྙོག་དང་བོད་དོན་སྤྱི་ཡོངས་ལ་དོ་སྣང་བྱེད་མཁན་ཉུང་དུ་འགྲོ་བཞིན་ཡོད།
མདོར་ན་བཙན་བྱོལ་བོད་མིའི་སྤྱི་ཚོགས་དེ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཁ་འཐོར་ནས་གནས་ཡོད་པས། དེ་དག་ཚང་མ་༧གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་གི་འབད་བརྩོན་ལ་བརྟེན་ནས་ད་བར་སྒྲིག་འཛུགས་གཅིག་གི་འོག་ཏུ་གནས་ཐུབ་པ་དེ་ལས་སླ་པོ་ཞིག་གཏན་ནས་མ་རེད། ད་ཆ་སྤྱི་ཚོགས་དྲ་ལམ་ཁག་གི་འུད་སྒྲོག་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁོར་ཡུག་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། དྲ་ལམ་གྱི་འུད་སྒྲོག་ཁག་གྲོས་ཚོགས་ཀྱི་གླེང་གཞིར་འགྱུར་བ་དང་། གྲོས་ཚོགས་ནང་གི་སྐད་ཆ་དེ་དག་སླར་ཡང་སྤྱི་ཚོགས་དྲ་ལམ་དུ་གཅོད་གཏུབ་དང་སྒྲིག་སྦྱོར་བྱས་ནས་བཀྲམ་ཡོང་དུས་སྤྱི་ཚོགས་ཆུང་ཆུང་འདི་ཡོས་བརྔོ་བ་ལྟ་བུར་འགྱུར་བཞིན་འདུག དཔེར་ན་སྲིད་སྐྱོང་དང་། སྲིད་ཟུར་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཐོག་ནས་སྤྱི་ཚོགས་དྲ་ལམ་དུ་འུད་སྒྲོག་བྱེད་མཁན་དག་གི་བྱེད་སྟངས་ལ་བརྟེན་ནས་དོན་དུ་ཁོང་གཉིས་ལ་གནོད་པ་ལས་ཕན་ཐོགས་མེད་པ་མ་ཟད། དཀྲོག་གཏམ་སྤེལ་མཁན་དེ་དག་གི་རྒྱབ་ཏུ་རྒྱ་དམར་གྱི་ལག་པ་ཡོད་པའི་དོགས་པའང་འདུག་སྙམ།།