དགའ་ལྡན་ཁྲི་ཐོག་༡༠༣ པ་ཁྲི་འདོན་མཛད་སྒོ།
ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་རུ་རྟེན་གཞི་བྱས་པའི་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་ཐོག་༡༠༣ པ་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གི་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་རེད།
ཟླ་འདིའི་ཚེས་༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་རུ་རྟེན་གཞི་བྱས་པའི་དགའ་ལྡན་ཁྲི་ཐོག་ཁང་དུ་དགའ་ལྡན་ཁྲི་ཐོག་༡༠༣ པ་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་མཆོག་གི་ཁྲི་འདོན་མཛད་སྒོ་འཚོགས་ཡོད་པ་རེད།
དེ་ཡང་འདི་ལོའི་ཕྱི་ཟླ་༡༠ པའི་ཚེས་༡༩ ཉིན་༧གོང་ས་མཆོག་གིས་ཤར་པ་ཆོས་རྗེ་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ། འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༣ པར་བསྐོ་བཞག་གི་བཀའ་ཡིག་ཕྱག་རྟགས་བསྩལ་བ་དང་། ཟླ་འདིའི་ཕྱི་ཚེས་༥ ཉིན་དགའ་ལྡན་ཚོགས་ཆེན་དང་དགའ་ལྡན་ཁྲི་ཐོག་ཁང་གཉིས་ཀྱི་ནང་དུ། འདུས་མང་གི་དབུས་སུ་དགའ་ལྡན་ཁྲི་པའི་ཁྲི་ལ་མངའ་གསོལ་གྱི་མཛད་སྒོ་འཚོགས།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་དང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་སྐུ་ཚབ། དེ་བཞིན་གདན་ས་སེ་འབྲས་དགའ་གསུམ་གྱིས་གཙོས་པའི་དགོན་སྡེ་ཁག་གི་མཁན་པོ་རྣམ་པ་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་ཕེབས་ཡོད་པ་རེད།
དགའ་ལྡན་ཁྲི་པས་༧གོང་ས་མཆོག་གི་སྐུ་དྲིན་རྗེས་དྲན་དང་། བཀའ་དགོངས་ཚུལ་བཞིན་ལག་བསྟར་གནང་བའི་ཐོག་ནས་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁམས་སུ་བརྟན་ཐབས་གནང་དགོས་གལ་གྱི་བཀའ་སློབ་བསྩལ་ཡོད་འདུག
ཕྱི་ཚེས་༦ ཉིན་དགའ་ལྡན་ཁྲི་ཐོག་༡༠༢ པ་རི་རྫོང་སྲས་རིན་པོ་ཆེ་དང་། དགའ་ལྡན་ཁྲི་ཐོག་༡༠༣ པ་ཤར་པ་ཆོས་རྗེ་བློ་བཟང་བསྟན་འཛིན་རྣམ་གཉིས་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དགའ་ལྡན་ཁྲི་པ་བློ་བཟང་བསྟན་འཛིན་ད་ལྟ་དགུང་གྲངས་༨༠ ཡིན་པ་དང་། བོད་ཁམས་ཡ་ར་རུ་སྐུ་འཁྲུངས་ཞིང་ཆུང་དུས་སུ་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ། དགུང་ལོ་༡༦ ཐོག་བོད་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་། རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་༡༩༥༩ ལོར་བཙན་བྱོལ་དུ་ཕེབས་དགོས་བྱུང་ནས་ཐོག་མར་སྦག་ས་ཆོས་སྒར་དུ་སློབ་གཉེར་གནང་བ་དང་། དེ་རྗེས་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། རྒྱུད་སྟོད་བླ་མ་དབུ་མཛད་དང་མཁན་པོ་བཅས་ལོ་གསུམ་རེར་གནང་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།