ཞྭ་སེར་བསྟན་པའི་གཙུག་རྒྱན་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་འཛིན་ནོར་བུ་རིན་པོ་ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༨ རེས་གཟའ་ཕུར་བུའི་དགོང་དྲོ་ཆུ་ཚོད་༩།༢༠ ཐོག་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་རིན་པོ་ཆེ་ནི། ཕྱི་ལོ་༡༩༢༧ ལོར་ལ་དྭགས་མང་སྤྲོ་རུ་སྐུ་འཁྲུངས། ྋགོང་ས་བཅུ་གསུམ་པ་ཆེན་པོས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་ལོ་བཞི་ཙམ་ནས་རི་རྫོང་དགོན་དུ་འདོན་ཆོས་སྤྱོད་སོགས་ལ་སློབ་གཉེར་གནང། རིམ་པས་སྡོམ་གསུམ་དང། ལམ་རིམ་ཆེན་མོ། རྒྱན་འཇུག་གཉིས་བློ་འཛིན་མཛད། དགེ་བཤེས་ཀའུ་བརྩོན་འགྲུས་ཀྱིས་བསྡུས་གྲྭ་བསླབས་ནས་རིགས་ལམ་ཆགས་ཐུབ་པ་བྱུང༌ཞིང། དཔེ་ཐུབ་དགོན་གྱི་དགེ་བའི་བཤེས་གཉེན་དཀའ་ཆེན་ཡེ་ཤེས་དོན་གྲུབ་ཀྱིས་སུམ་རྟགས་དང་། དག་ཡིག སྙན་ངག་བཅས་ཁྲིད། ཕྱི་ལོ་༡༩༤༥ ལོར་དཀའ་ཆེན་ཡེ་ཤེས་དོན་གྲུབ་དང་ལྷན་བོད་དུ་བསྐྱོད་དེ་དགའ་ལྡན་ཁྲི་ཆེན་གོ་བཞི་པ་ཆེན་པོ་རྗེ་བཙུན་ལྷུན་གྲུབ་བརྩོན་འགྲུས་མཆོག་ནས་ལམ་རིམ་ཆེན་མོ་མཆན་བཞི་སྦྲགས་ཐོག་ནས་དངུལ་ཆུའི་ཡང་སྤྲུལ་དང་བཅས་མི་གྲངས་ཉུང་ཤས་ཀྱིས་དཔེ་ཁྲིད་ཟབ་རྒྱས་ཞུས། འདུལ་བ། རྣམ་འགྲེལ་སོགས་གཞུང་ཆེན་ཁག་ལ་དཔེ་ཁྲིད་ཀྱང་ཞུས་ཞིང༌། སྤྱོད་འཇུག་ཆེན་མོ་རྒྱལ་ཚབ་རྗེའི་རྣམ་བཤད་སྟེང་ནས་བཀའ་དྲིན་བསྩལ་བ་སོགས་ལོ་གསུམ་ལྷག་ཙམ་རིང་ཐུགས་བརྩེ་ཆེན་པོས་བསྐྱངས་ཤིང༌། དགུང་ལོ་ཉི་ཤུ་པ་ཕྱི་ལོ་༡༩༤༦ ལོར་དམ་པ་དེ་ཉིད་ཀྱིས་མཁན་སློབ་སྦྲགས་མ་གནང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་མནོས། དངུལ་ཆུ་སྤྲུལ་པའི་སྐུ་ལས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཀྱི་བཀའ་ལུང་གསན། ཕྱི་ལོ་༡༩༤༩ ལོར་སྐྱབས་རྗེ་ཁྲི་རིན་པོ་ཆེ་དགོངས་པ་རྫོགས་རྗེས། གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་མཛད་ནས། སྐྱབས་རྗེ་བ་ཀུ་ལ་རིན་པོ་ཆེའི་ཡོངས་འཛིན་རྒྱས་པ་མཁན་ཟུར་བློ་བཟང་འབྱུང་གནས་རྩ་བའི་ཡོངས་འཛིན་ཏུ་བསྟེན་ནས། ཐོག་མར་བསྡུས་གྲྭ་ནས་བཟུང་ཕར་ཕྱིན་ཆ་ཚང་དཔེ་ཁྲིད་གསན། དམ་པ་གང་ཉིད་དགོངས་པ་རྫོགས་རྗེས་ཏྲེ་ཧོར་དགེ་བཤེས་བསོད་ནམས་མགོན་པོ་དང༌། ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན། རྒྱས་པ་མཁན་པོ་སྟོད་མཚམས་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་མཆོག། བློ་གླིང་མཁན་རིན་པོ་ཆེ་རྗེ་བཙུན་པདྨ་རྒྱལ་མཚན་མཆོག ཁུ་ནུ་དགེ་བཤེས་རིག་འཛིན་བསྟན་པ། རྒྱལ་རོང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་འཇམ་དཔལ་བསམ་འཕེལ་བཅས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་གདན་སར་བཞུགས་རིང༌། བསྡུས་གྲྭ་དང་བློ་རྟགས་ལོ་གཉིས། ཕར་ཕྱིན་ལོ་ལྔ། །དབུ་མ་ལོ་གཉིས་ཐོག་བདག་འགོག་ཚོགས་ལངས་ཀྱི་དམ་བཅའ་བསྐོར། འདུལ་བ་ལོ་གཅིག་ལྷག་ཙམ་རིང་གཟིགས། ཚོགས་ཆོས་རྭ་ཆད་མེད་ཀྱིས་བག་ཡོད་ཞི་དུལ་གྱི་སྒོ་ནས་གསན་བསམ་ཚུལ་བཞིན་མཛད།
བོད་ས་ཤོར་རྗེས་དམ་པ་འདི་ཉིད་ཀྱང་མཉམ་དུ་ཕེབས་ཕྱི་ལོ་༡༩༧༢ ལོར་དགེ་བཤེས་ལྷ་རམས་འཕར་མའི་མཚན་རྟགས་བཞེས། རྒྱུད་སྨད་དུ་སྒྲིག་ཞུགས་མཛད་ནས་འགྲེལ་བ་བཞི་སྦྲགས་སོགས་སྔགས་ཀྱི་འཆད་ཉན་ལེགས་པར་གྲུབ། ཕྱི་ལོ་༡༩༧༤ ལོར་རྒྱུད་པའི་དགེ་བསྐོས་དང། ྋགོང་ས་མཆོག་གིས་སྨད་རྒྱུད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཕྱག་རྟགས་ཕེབས་ཏེ་ལོ་གཅིག་རིང་བླ་མ་དབུ་མཛད་དང༌། ལོ་གསུམ་རིང་མཁན་པོ་གནང་། ཕྱི་ལོ་༡༩༨༤ ལོར་སླར་ཡང་ྋགོང་ས་མཆོག་གིས་བློ་གླིང་མཁན་པོའི་ཕྱག་རྟགས་བསྩལ་བ་བཞིན་ལོ་དྲུག་ལྷག་ཙམ་མཛད་འགན་བཞེས། ཕྱི་ལོ་༡༩༩༡ ལོར་མཁན་ཁྲི་ལས་འཕོས་ཏེ། ལ་དྭགས་སུ་བསམ་གཏན་གླིང་དགོན་དུ་ལོ་གསུམ་ལྷག་ཙམ་རིང་འཇིགས་བྱེད་དཔའ་གཅིག་གི་བསྙེན་ཆེན་དུ་བཞུགས།
ཕྱི་ལོ་༡༩༩༥ ཟླ་༨ ཚེས་༢ ཉིན་ྋགོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྤྱན་སྔ་ནས། བྱང་རྩེ་ཆོས་རྗེར་བསྐོ་བཞག་གི་ཕྱག་རྟགས་ཕེབས་ཤིང༌། ཕྱི་ལོ་༡༩༩༥ ཟླ་༨ ཚེས་༢༦ ཉིན་ྋགོང་ས་མཆོག་ལ་མཇལ་འཕྲད་ཞུས་ཏེ་སྐུའི་ཕོ་བྲང་དུ་རྟེན་འབྲེལ་དགའ་སྟོན་བསྐྱངས་ཤིང༌། ཕྱི་ཚེས་༢༨ སྔ་དྲོ་ཆུ་ཚོད་༨ ཐོག་དགའ་ལྡན་ཁྲི་ཐོག་བརྒྱ་པ་རྗེ་བཙུན་བློ་བཟང་ཉི་མ་མཆོག་དང༌། མཁན་པོ་གསར་པ་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་མཆོག་དཔག་བསམ་རྣམས་དབུ་བཞུགས་ཐོག་མཛད་སྒོ་དང་ཆབས་ཅིག་འབྲས་བློ་གླིང་གྲྭ་ཚང་དུ་བྱང་རྩེ་ཆོས་རྗེའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་བསྐྱངས། ཟླ་༩ ཚེས་༡ ཉིན་སྔ་དྲོ་དགའ་ལྡན་ཚོགས་ཆེན་དང་། བྱང་རྩེ་གྲྭ་ཚང་ཚ་བ་ཁང་ཚན་བཅས་སུ་རིན་པོ་ཆེ་ནས་མང་ཇ་བཞེས་བག་སྐུ་འགྱེད། གྲྭ་ཚང་དུ་གྲྭ་ཇ་སྐུ་འགྱེད། ལམ་རིམ་གསུང་ཆོས་བཅས་བསྩལ་ནས་རྟེན་འབྲེལ་མཛད་སྒོ་བསྐྱངས། ཉིན་དེར་དགའ་ལྡན་དུ་མཛད་སྒོ་གྲུབ་ནས་ཉིན་གུང་རྒྱབ་འབྲས་སྤུངས་ཀླུ་འཁྱིལ་ཁང་ཚན་ནང་བརྟན་བཞུགས་མདོར་བསྡུས་ཐོག་བྱང་རྩེ་ཆོས་རྗེའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་བསྐྱངས་ནས། འཇམ་མགོན་བསྟན་པའི་གསལ་བྱེད་དགའ་ལྡན་བྱང་རྩེ་ཆོས་རྗེའི་ཁྲིར་མངའ་གསོལ།
ཕྱི་ལོ་༡༩༩༩ ལོར་འབྲས་སྤུངས་དཔེ་ཐུབ་ཁམས་ཚན་དུ་དགེ་འདུན་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོའི་བཀའ་ཆོས་གནང༌། ཕྱི་ལོ་༢༠༠༠ ལོར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆོས་ཞུ་བ་དད་ལྡན་སྟོང་ཕྲག་དུ་མར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་འགྱུར་རོ་ཅོག་གི་ལྗགས་ལུང་གནང༌། སྔ་ཕྱིར་སློབ་གཉེར་བ་མང་དག་ཅིག་ལ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་གནང༌། ཕྱི་ལོ་༢༠༠༤ ཟླ་༧ པའི་ནང་རྒྱ་ནག་ཏུ་ཕེབས་ནས་རི་བོ་རྩེ་ལྔའི་གནས་ཆེན་ཁག་ལ་གནས་གཟིགས་མཛད། བསྟན་འགྲོར་སྨན་པའི་མཛད་བཟང་སྐྱོང་རྒྱ་ཆེར་སྐྱོང་བཞིན་པའི་མུར། དགུང་ལོ་གྱ་གསུམ་པ་ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༡༨ ཉིན་༸གོང་ས་སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པའི་ཞལ་སྔ་ནས་དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པའི་ཕྱག་རྟགས་བསྩལ་བ་ཕྱི་ལོ་༢༠༠༩ ཟླ་༡༡ ཚེས་༡ ཉིན་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་མཛད། ཟླ་༡༡ ཚེས་༦ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དགའ་ལྡན་གསེར་ཁྲིར་མངའ་གསོལ་གྱི་མཛད་སྒོ་བསྐྱངས། ཕྱི་ཟླ་༡༡ ཚེས་༡༧ ནས་གདན་ས་བཀྲ་ཤིས་ལྷུན་པོར་རྗེ་དངུལ་ཆུ་ཡབ་སྲས་ཀྱི་གསུང་འབུམ་ལྷག་འཕྲོ་རྣམས་ཀྱི་ལྗགས་ལུང་བཀའ་དྲིན་བསྐྱངས། དེ་བཞིན་གཙོ་བོ་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པར་བཞུགས་ནས་སློབ་གཉེར་བ་རྣམས་ལ་དཔེ་ཁྲིད་དང། གྲྭ་ཚང་ཁག་ལ་ཆོས་སྲིད་ཀྱི་སློབ་སྟོན་དང། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ཕེབས་ནས་དོན་གཉེར་བ་རྣམས་ལ་རང་རང་གི་འདོད་པ་མཐུན་པར་གསུང་ཆོས་སྣ་ཚོགས་བསྩལ། ཁྲི་པའི་མཛད་འགན་བཞེས་བཞིན་པའི་སྐབས། འཕགས་པའི་ཡུལ་གྱི་དགེ་ལྡན་པའི་གདན་ས་ཁག་དང་། ལ་དྭགས་དང་། མོན། སོག་ཡུལ། ཐེ་ཝན། དབྱིན་ཡུལ། ཨ་རི། ཨི་ཊ་ལི། འཇར་པན། རྒྱལ་ཁབ་དང་མི་རིགས་འདྲ་མིན་ཕེབས་ནས་བསྟན་འགྲོར་སྨན་པའི་མཛད་འཕྲིན་རྒྱ་ཆེར་བསྐྱངས།
དགུང་ལོ་དགུ་བཅུ་པ་ཕྱི་ལོ་༢༠༡༦ ལོར་དགའ་ལྡན་ཁྲི་པའི་ལོ་བདུན་གྱི་དུས་ཡུན་གཙང་ནས། ལོ་དེའི་ཟླ་༡༠ ཚེས་༡༩ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་དགའ་ལྡན་ཁྲི་ཐོག་༡༠༣ པར་བསྐོ་གཞག་མཛད་རྗེས་རང་ཉིད་དགའ་ལྡན་གསེར་ཁྲི་ལས་ཟུར་ཏེ། བཤད་སྒྲུབ་འཁོར་ལོ་གསུམ་གྱི་རྣམ་ཐར་གཙང་མ་སྐྱོང་བཞིན་པར། ཕྱི་ལོ་༢༠༢༢ ཟླ་༡༢ ཚེས་༨ རེས་གཟའ་ཕུར་བུའི་དགོང་དྲོ་ཆུ་ཚོད་༩།༢༠ ཐོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན།།