དགུ་པའི་ཉེར་བདུན་གྱི་རྒྱ་རྒོལ་དང་དགུ་བཅུ་གསུམ་གསར་འཛུགས་ཀྱི་དུས་དྲན་སྲུང་བརྩི། 

“ཁྱོད་རང་[རྒྱ་ནག་གཞུང]ཚོས་ང་ཚོ་ལ་དཀའ་ངལ་ག་ཚོད་མྱོང་དུ་བཅུག་པ་དང་། དཀའ་ངལ་ག་ཚོད་སྤྲད་པ་ཡིན་ཡང་། ང་ཚོའི་ལྷག་བསམ་དེ་གཏིང་ཟབ་ཏུ་འགྲོ་བ་དང་། རྒྱ་ཆེ་རུ་འགྲོ་བ་མ་གཏོགས་ཞུམ་པ་རྩ་བ་ཉིད་ནས་མེད་”ཅེས་བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་གསུངས་སོང་། 

“ཁྱོད་རང་[རྒྱ་ནག་གཞུང]ཚོས་ང་ཚོ་ལ་དཀའ་ངལ་ག་ཚོད་མྱོང་དུ་བཅུག་པ་དང་། དཀའ་ངལ་ག་ཚོད་སྤྲད་པ་ཡིན་ཡང་། ང་ཚོའི་ལྷག་བསམ་དེ་གཏིང་ཟབ་ཏུ་འགྲོ་བ་དང་། རྒྱ་ཆེ་རུ་འགྲོ་བ་མ་གཏོགས་ཞུམ་པ་རྩ་བ་ཉིད་ནས་མེད་”ཅེས་བོད་མི་མང་སྤྱི་འཐུས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་གསུངས་སོང་། 

དེ་རིང་སྟེ་ཕྱི་ལོ་༢༠༡༩ ཟླ་༩ ཚེས་༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ པའི་ཐོག་དྷ་སའི་ལྷ་རྒྱལ་རི་ལ་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་གིས་སྣེ་ཁྲིད་དེ་བྱུང་བའི་༡༩༨༧ ལོའི་ཞི་རྒོལ་འཐབ་རྩོད་བྱུང་ནས་མི་ལོ་༣༢ འཁོར་བ་དང་། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དབུ་བརྙེས་ནས་ལོ་༢༨ འཁོར་བའི་དུས་དྲན་སྲུང་བརྩི་ཞུས་སོང་བ་དང་། དུས་དྲན་དེའི་མཛད་སྒོ་ལ་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་པའི་སྤྱི་འཐུས་རྣམ་པ་དང་། དྷ་སའི་ས་གནས་འགོ་འཛིན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞན་ཡང་སེར་སྐྱ་མི་མང་མཉམ་ཞུགས་བྱས་ཡོད་པ་རེད།

མཛད་སྒོ་དབུ་འབྱེད་ཀྱི་ཞལ་འདོན་སྐྱོར་བ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་པ། བོད་ཀྱི་དཔའ་བོ་དཔའ་མོའི་ཆེད་དུ་སྐར་མ་གཅིག་རིང་ངག་བཅད་མྱ་ངན་གུས་འདུད་གྲུབ་རྗེས། བོད་མི་མང་སྤྱི་འཐུས་དང་བོད་ཀྱི་དགུ་བཅུ་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་དུས་དྲན་དང་འབྲེལ་བའི་གཏམ་བཤད་གནང་སྐབས། “དེ་རིང་ཉིན་མོར་ཆ་བཞག་ན། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་བཙུགས་ནས་ལོ་༢༨ འཁོར་གྱི་ཡོད་རེད། ཚོགས་པ་འདི་གནད་འགག་ཆགས་པའི་རྒྱུ་མཚན་ནི་འདིའི་རྒྱབ་ལྗོངས་དེ་ཆགས་ཀྱི་འདུག ཚོགས་པ་དང་པོ་འགོ་འཛུགས་དུས། བཙོན་ཟུར་མང་པོ་འཛོམས་ནས་ཁོ་རང་ཚོས་རེ་བ་ཆེན་པོ་བྱས་ཏེ་ཐོག་མར་འགོ་འཛུགས་དུས་མ་དངུལ་ཆེད་ཁོ་རང་ཚོས་གྲོ་ཉོས་ནས་རིའི་སྒང་ལ་ཕྱིན་ཏེ་ཤིང་བསྒྲུགས། བག་ལེབ་བཟོས་ན་བཙོངས་པ་རེད། གང་ལྟར་དེ་འདྲ་བྱས་ནས་ཚོགས་པ་འགོ་བཙུགས་པ་ཞིག་ཆགས་བསྡད་ཡོད་”ཅེས་ཚོགས་པ་དེ་ཇི་ལྟར་འགོ་བཙུགས་པའི་ལོ་རྒྱུས་དང་། འགོ་འཛུགས་མཁན་གྱི་བཙོན་ཟུར་ཚོའི་ལྷག་བསམ་སྙིང་སྟོབས་ཀྱི་སྐོར་བརྗོད་སོང་། 

གཞན་ཡང་ཁོང་གིས་ཚོགས་པ་ཐོག་མར་འཛུགས་པའི་སྐབས་ཀྱི་“ལྷག་བསམ་དང་ད་ལྟའི་ལྷག་བསམ་བསྡུར་བ་ཡིན་ན། ཁྱད་པར་མེད་”པ་དང་། ད་དུང་ཡང་མུ་མཐུད་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་དཀའ་ལས་རྒྱག་རྒྱུ་ཡིན་པའི་དམ་བཅའ་བརྗོད་པ་མ་ཟད། སླེབ་ལ་ཉེ་བའི་རྒྱ་ནག་དམར་པོའི་རྒྱལ་ཁབ་བཙུགས་ནས་ལོ་༧༠ འཁོར་བའི་དུས་ཆེན་ཉིན། “ཁྱོད་རང་ཚོས་ང་ཚོ་ལ་དཀའ་ངལ་ག་ཚོད་མྱོང་དུ་བཅུག་པ་ཡིན་ཡང་། དཀའ་ངལ་ག་ཚོད་སྤྲད་པ་ཡིན་ཡང་། ང་ཚོའི་ལྷག་བསམ་དེ་གཏིང་ཟབ་ཏུ་འགྲོ་བ་དང་། རྒྱ་ཆེ་རུ་འགྲོ་བ་མ་གཏོགས་ཞུམ་པ་རྩ་བ་ཉིད་ནས་མེད་”ཅེས་རྒྱ་གཞུང་ལ་བརྡ་ལན་ཞིག་ཀྱང་བསྐུར་སོང་།  

བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོའི་གཏམ་བཤད་གྲུབ་པའི་རྗེས་སུ། ཚོགས་གཞོན་ཟླ་བ་བཀྲ་ཤིས་ནས་དུས་དྲན་དང་འབྲེལ་བའི་གཏམ་བཤད་སྒྲོགས་སྦྱང་གནང་བའི་ནང་། “མི་ལོ་༣༢ ཡར་སྔོན་གྱི་དེ་རིང་གི་ཉིན་མོ་ལ་བོད་ཀྱི་རྒྱལ་ས་ལྷ་སར་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཉེར་གཅིག་ནས་བོད་ཀྱི་བདག་པོ་བོད་མི་ཡིན། རྒྱ་མི་བོད་ནས་ཕྱིར་འབུད་བྱེད་དགོས་ཞེས་པའི་འབོད་ཚིག་འོག་ནས་ཞི་རྒོལ་འཐབ་རྩོད་ཀྱི་ལེའུ་གསར་པ་ཞིག་འགོ་འཛུགས་བྱས་”ཡོད་པ་དང་། དེ་ནས་“ལོ་དེའི་ཟླ་༡༠ ཚེས་༡ ཉིན་སེ་ར་དགོན་པའི་དགེ་འདུན་པས་ཀྱང་ཞི་རྒོལ་འཐབ་རྩོད་གནང་སྟེ། བོད་མིའི་རང་དབང་འཐབ་རྩོད་ཀྱི་རིམ་པ་དེ་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་[ཏུ]སླེབས་པ་བྱུང་ཡོད་ལ། ཞི་རྒོལ་འཐབ་རྩོད་ཀྱི་སྙིང་སྟོབས་དང་ལྷག་བསམ་དེ་བོད་ཀྱི་རྒྱལ་ས་ལྷ་ས་ནས་རིམ་བཞིན་བོད་ཀྱི་གཞི་རིམ་གྲོང་གསེབ་ཁག་ལའང་ཁྱབ་སྤེལ་བྱུང་”སྟེ་རྒྱལ་སྤྱིའི་དོ་ཁུར་གསར་པ་བྱུང་ཡང་། རྒྱ་གཞུང་གིས་དེ་ལ་ཡང་དག་པའི་བརྡ་ལན་སྤྲོད་རྒྱུའི་ཚབ་ཏུ་སྔར་ལས་སྡུག་པའི་སྒོ་ནས་བོད་མི་རྣམས་འཛིན་བཟུང་བཀག་ཉར་དང་། སྡུག་སྦྱོང་མནར་གཅོད་ཚད་མེད་བྱས་པའི་རྐྱེན་གྱིས་༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྟེ་བོད་མི་ཉིས་བརྒྱར་ཉེ་བས་རང་ལུས་མེར་བསྲེགས་བྱས་པ་ནས་བཟུང་། བོད་མི་སྟོང་ཕྲག་བརྒལ་བ་བཙོན་འཇུག་བཀག་ཉར་བྱས་ཡོད་སྟབས། དེ་རིང་གི་གོ་སྐབས་དེ་བརྒྱུད་དེ་དཔའ་བོ་དཔའ་མོ་ཁོང་རྣམ་པ་དང་ཁོང་རྣམ་པའི་ནང་མི་ཡོངས་ལ་ཐུགས་གསོའི་འཚམས་འདྲི་ཞུ་བ་དང་། བོད་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་ཚེ་ཁྲི་ལོར་བརྟན་པར་སྨོན་འདུན་བཅས་འཁོད་ཡོད་འདུག 

དེ་རིང་གི་མཛད་སྒོའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་ཟུར་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གསུང་བཤད་གནང་བའི་ནང་། འདས་པའི་ལོ་ངོ་༢༨ ཀྱི་བྱུང་རིམ་ནང་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་ཀྱི་བསྟན་སྲིད་ལ་ཞབས་འདེགས་ཞུས་པ་དེ་རླབས་ཆེན་པོ་ཆགས་ཡོད་པས། བོད་མི་ཚང་མས་ཚོགས་པ་དེར་རྒྱབ་སྐྱོར་དང་ནུས་པ་མཉམ་སྤུང་བྱེད་རྒྱུ་གལ་ཆེ་བ་ཡིན་པ་དང་། ཚོགས་པ་དེས་བོད་ནང་གི་གནས་སྟངས་རྟོག་ཞིབ་དང་། བཙན་བྱོལ་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་སོགས་ཀྱི་བདེ་སྡུག་ལྟ་སྐྱོང་། ལྷག་པར་དུ་འདས་པའི་ལོ་ཤས་ནང་བོད་ཕྱི་ནང་གི་གནས་སྟངས་མཚོན་པའི་པར་རིས་འགྲེམ་སྟོན་བྱེད་པ་སོགས་ཆབ་སྲིད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་བར་ཐུགས་རྗེ་ལེགས་གསོལ་ཞུ་རྒྱུ་ཡིན་ཚུལ། དེ་བཞིན་སྐབས་རེར་ང་ཚོ་བོད་མི་རྣམས་ཀྱི་ལྟོ་གོས་འགྲིག་ཙམ་ཡོད་དུས། བོད་དོན་ལས་འགུལ་ཐོག་ལ་འཐུས་ཤོར་འགྲོ་བའི་ཉེན་ཁ་འབྱུང་སྲིད་པས། དགུ་བཅུ་གསུམ་ལྟ་བུའི་ཚོགས་པ་དག་གིས་ཆབ་སྲིད་ཀྱི་དྲན་གསོ་དང་གོ་རྟོགས་སྤེལ་བ་བརྒྱུད་དེ་བོད་མི་ཚོ་རང་གི་མི་རིགས་ཀྱི་ཐོག་ལ་ཤ་ཞེན་དང་ཞེན་ཁོག་སྐྱེ་བར་ཏན་ཏན་ཕན་ཐོགས་ཡོད་པ་གཟིགས་ཀྱི་ཡོད་སྐོར་བཅས་གསུངས་པའི་ཐོག བོད་རིགས་ཀྱི་འཐབ་རྩོད་དེ་ཆིག་སྒྲིལ་གྱི་ཐོག་ནས་རྒྱུན་སྐྱོང་ཇི་ལྟར་བྱེད་དགོས་པ། བཙན་བྱོལ་ནང་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ཇི་ལྟར་སྲུང་སྐྱོབ་བྱེད་དགོས་པ། ད་རུང་བོད་ནང་གི་བོད་མིའི་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཙམ་མ་ཡིན་པར་དངོས་ཡོད་གནས་ཚུལ་ཐོག་ནས་ཕན་ཐོགས་པ་ག་འདྲ་བྱེད་དགོས་པའི་ཐོག་ལ་བསམ་བློ་གཏོང་དགོས་པ་སོགས་གསུངས་སོང་། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།