དགུང་གྲངས་གྱ་ལྔ་ལ་ཕེབས་སོང་།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཕྱི་ཟླ་༧ ཚེས་༦ ཉིན་བོད་ལུགས་དགུང་གྲངས་༨༥ ལ་ཕེབས་པ་རེད། ད་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་རྒྱུན་རིང་ཤོས་བཞུགས་མཁན་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ལས་བརྒལ་ཟིན།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཕྱི་ཟླ་༧ ཚེས་༦ ཉིན་བོད་ལུགས་དགུང་གྲངས་༨༥ ལ་ཕེབས་པ་རེད། ད་བར་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ནང་ནས་རྒྱུན་རིང་ཤོས་བཞུགས་མཁན་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ལས་བརྒལ་ཟིན། དེ་ནི་སྐྱེ་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་ལྗོངས་ཀྱི་སྤྱི་མཐུན་བསོད་ནམས་ལ་བརྟེན་ནས་སམ། ཡང་ན་མགོན་པོ་གང་ཉིད་ཀྱིས་ཁམས་གསུམ་གྱི་སེམས་ཅན་སྤྱི་དང་བྱེ་བྲག་བོད་གངས་ཅན་པའི་གདུལ་བྱ་རྣམས་ལ་བརྩེ་བས་གཟིགས་པ་མ་དོར་བ་ཞིག་ཏུ་གྱུར་ཡོད། ༧གོང་ས་མཆོག་ཞལ་བཞུགས་པ་ཙམ་གྱིས་བོད་ཀྱི་ཆོས་དང་རིག་གཞུང་གནས་ཐུབ་པ་དང་། བོད་མི་ཡོངས་ཀྱི་སྙིང་སྟོབས་དང་གཅིག་སྒྲིལ་གྱི་སྟོབས་ཤུགས་ཀྱང་གནས་ཐུབ་ངེས་རེད། ད་དུང་འཛམ་གླིང་སྤྱིའི་རྒྱབ་སྐྱོར་དང་། རྒྱ་དམར་གཞུང་གི་ཞེད་སྣང་བཅས་༧གོང་ས་མཆོག་ཞལ་བཞུགས་མིན་ལ་རག་ལས་ཡོད། ད་ལྟ་ཆོས་ལ་དད་མི་རུང་བ་དང་། ལྷ་དང་བླ་མ་བརྩི་མི་རུང་ཚུལ་བརྗོད་མཁན་ཡོད་ཀྱང་དོན་དངོས་སུ་༧གོང་ས་མཆོག་མ་བཞུགས་ན་བོད་ཚར་བ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད།

གོང་དུ་བརྗོད་པའི་༧གོང་ས་མཆོག་གི་ནུས་པ་དེ་ནི་རབ་བཏགས་དང་འུད་བརྗོད་ཙམ་མིན་པ་དང་། དེ་ཡང་གཙོ་བོ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་ནུས་པ་དེ་ཚེ་རབས་དུ་མའི་ཐུགས་བསྐྱེད་གཞི་རྩར་བཞག་པའི་ཐོག བོད་མི་རིགས་ཀྱི་གུས་བཀུར་དང་བརྩི་མཐོང་ལས་བྱུང་ཡོད། དེར་བརྟེན་བོད་པའི་ཁ་རྒྱུན་དུ་“ཤིང་གིས་ཤིང་བཏེགས་ན་ཀ་བ་དང་གདུང་མ། མི་ཡིས་མི་བཏེགས་ན་རྒྱལ་པོ་དང་བློན་པོ།”ཞེས་པ་ལྟར། ད་ལྟའི་དུས་འདིར་བོད་མི་རིགས་ཀྱི་གཟི་བརྗིད་དང་སྤོབས་པ་༧གོང་ས་ལ་མཆོག་ལ་བརྟེན་ནས་བྱུང་ཡོད་ལ། གོང་དུ་བརྗོད་པ་བཞིན་༧གོང་ས་མཆོག་གི་མཛད་འཕྲིན་ཡང་བོད་མི་རིགས་ཀྱི་གུས་བཀུར་དང་ཡིད་ཆེས་ལ་བརྟེན་ནས་བྱུང་ཡོད། བོད་པའི་ངོས་ནས་༧གོང་ས་མཆོག་གི་ཆེད་དུ་རང་སྲོག་བློས་གཏོང་དགོས་ཀྱང་ཕོད་མཁན་ཧ་ཅང་མང་པོ་བྱུང་ཡོད་ཅིང་། ད་བར་རང་ལུས་མེར་སྲེག་གཏོང་མཁན་མང་ཆེ་བས་༧གོང་ས་མཆོག་བོད་དུ་ཆིབས་བསྒྱུར་བསྐྱང་དགོས་པ་དང་། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་ཤོག་ཅེས་མ་བརྗོད་མཁན་ཞིག་མེད་པ་ལྟ་བུ་འདིའི་ཐོག་ནས་ཀྱང་ར་སྤྲོད་གསལ་པོ་བྱས་ཡོད།

༧གོང་ས་མཆོག་གིས་༢༠༠༦ ལོའི་དུས་འཁོར་དབང་ཆེན་སྐབས་བཀའ་སློབ་ཅིག་གནང་བ་ལ་བརྟེན་ནས། བོད་ས་སྟོད་སྨད་བར་གསུམ་ནས་འགྲོ་སོང་ཆེན་པོ་བཏང་ནས་རྒྱུན་རིང་གསོག་སྒྲུབ་བྱས་པའི་སྟག་གཟིག་སྲམ་གསུམ་གྱི་གོས་རྒྱན་ཚང་མ་མེར་སྲེག་བཏང་ཡོད་ཅིང་། བཙན་བྱོལ་ནང་ནས་ཀྱང་དུས་རྒྱུན་དུ་འགྲོ་སོང་ཆེན་གཏོང་མི་ཕོད་མཁན་ཞིག་ཡིན་ཡང་། ༧གོང་ས་མཆོག་ལ་སྐྱབས་རྟེན་བསྔོ་རྟེན་འབུལ་རྒྱུ་དང་། བརྟན་བཞུགས་ཀྱི་སྦྱིན་བདག་སོགས་ལུང་ཚན་སྐྱིད་སྡུག་ཁག་གིས་ཞུ་སྐབས་ཕངས་སེམས་མེད་པར་འབུལ་ཐུབ་པའི་གནས་སྟངས་འདི་གཅིག་པུའང་། གཞན་སུ་གང་གིས་ཚབ་མཚོན་མི་ཐུབ་པ་ཞིག་ཏུ་གྱུར་ཡོད། འདི་ལ་རིན་ཐང་མི་བརྩི་མཁན་དག་གིས་ཧོབ་སྟེ་བལྟས་ན་གལ་ཆེན་པོ་དེ་ཙམ་མི་མཐོང་བ་ཡོད་སྲིད་ཀྱང་། བསམ་བློ་ཞིབ་ཕྲ་བཏང་ན་ཕྱོགས་གང་ཐད་ནས་བལྟས་ཀྱང་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན། ཆོས་དང་། ཆབ་སྲིད་དཔལ་འབྱོར་གང་ཐད་ནས་གཞན་སུ་གང་དང་བསྡུར་ཐབས་མེད་པའི་གནས་བབས་ཤིག་བོད་མི་རིགས་ཀྱི་སེམས་ནང་དུ་ཡོད་པ་ནི་༧གོང་མཆོག་ཁོ་ན་ཡིན།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲངས་མཐོན་པོར་བཞུགས་པ་དེ་དགའ་འོས་པ་ཞིག་ཡིན་ནའང་། དགུང་གྲངས་མཐོན་པོར་ཕེབས་ཟིན་པ་དེ་ནི་བོད་མི་རིགས་དང་བོད་རྒྱལ་ཁབ་སླར་གསོ་སོགས་ཕྱོགས་གང་ཐད་ནས་སེམས་ཁྲལ་གྱི་རང་བཞིན་ཞིག་ཏུའང་གྱུར་ཡོད། འདས་པའི་ལོ་རྒྱུས་ནང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་སྐུ་གཞན་དོན་དུ་གཤེགས་པ་སྔ་དྲགས་པ་དང་། ༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་ན་ཆུང་དྲགས་པ་ལ་བརྟེན་ནས་བོད་ཀྱི་གནས་སྟངས་ལ་ཉམས་གུད་ཆེན་པོ་འདི་བྱུང་ཞིང་། མ་འོངས་པར་ཡང་༧གོང་ས་མཆོག་སྐུ་འཚོ་གཞེས་སྐབས་སུ་བོད་དོན་ཐག་གཅོད་ཅིག་བྱུང་སོང་ན་ཕྱོགས་གང་ཐད་ནས་བསམ་བློ་གཏོང་ས་ཞིག་ཡོད་ཀྱང་། རྒྱ་དམར་གཞུང་གིས་མཁྲེགས་འཛིན་གྱི་བསམ་བློ་ངན་པ་དེ་ལ་བརྟེན་ནས་གུ་ཡངས་དང་བསམ་ཤེས་གཏན་ནས་བྱས་མེད། གལ་སྲིད་བོད་ཀྱི་གནད་དོན་༧གོང་ས་མཆོག་སྐུ་འཚོ་གཞེས་སྐབས་སུ་ཐག་གཅོད་མ་བྱུང་ན། མ་འོངས་པར་བོད་རྒྱའི་འགལ་ཟླ་ཆེ་རུ་འགྲོ་ངེས་པ་མ་ཟད་ཕྱོགས་གཉིས་ནས་ཚེ་སྲོག་གང་མང་ཞིག་ཀྱང་འགྲོ་སོང་གཏོང་ངེས་རེད།

མདོར་ན་ད་ལྟའི་ཆར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞལ་བཞུགས་ཡོད་པས། ཕྱོགས་གང་ཐད་ནས་བསམ་ཡང་བོད་པ་ནི་སྐྱབས་མེད་མགོན་མེད་ཅིག་གཏན་ནས་མིན་པ་དང་། དུས་ཚོད་གཉན་འཕྲང་ཅན་འདི་ལྟ་བུའི་སྐབས་སུ་བོད་ས་ཡོངས་རྫོགས་གཅིག་སྒྲིལ་གྱི་བསམ་བློ་ཞིག་ཏུ་སྣེ་ཁྲིད་ཐུབ་ཡོད་པ་གཅིག་པུའི་ཐོག་ནས་ཀྱང་བཀའ་དྲིན་གཞལ་དཀའ་བ་ཞིག་ཏུ་གྱུར་ཡོད། ད་ལྟའི་ཆར་སྤྱི་ཚོགས་ནང་སྐབས་རེ་རྩོད་རྙོག་ཆུང་ཙག་རེ་ཡོང་སྲིད་ཀྱང་། དེ་ནི་དོན་གནད་ཆུང་ངུ་ཙམ་ལས་རྩ་དོན་ལ་ཐུག་པའི་གནད་འགག་ཆེན་པོ་དེ་འདྲ་གང་ཡང་མིན། མ་འོངས་པར་༧གོང་ས་མཆོག་ཞལ་མ་བཞུགས་པའི་གནས་ཚུལ་ཞིག་བྱུང་བའི་སྐབས་སུ་ད་ལྟའི་གནས་སྟངས་དང་མི་འདྲ་བར་དོན་རྐྱེན་ཆུང་ཆུང་ལ་བརྟེན་ནས་སྤྱི་ཚོགས་ཁ་འཐོར་དུ་འགྲོ་སྲིད། ད་ལྟ་ཕྱོགས་ཡོངས་ནས་རེ་བ་དང་གོ་སྐབས་ཤིག་ཡོད་པ་ནི་༧གོང་ས་མཆོག་ཡིན་ལ། རེ་བ་དང་ཡིད་ཆེས་ཞུ་ཡུལ་གཙོ་བོ་ཁོང་ཡིན་པས་དུས་ནམ་ཡང་ཁོང་སྐུ་ཚེ་བརྟན་དགོས་པ་འདི་བོད་དང་མི་རིགས་ཀྱི་གལ་འགངས་ཆེ་ཤོས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད།།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།