དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་གཅིག་སྔོན་ལ་བོད་དོན་ལས་འགུལ་བར་ཉན་ཞིབ་བྱེད་འཆར་འདུག
ཉིན་ཤས་སྔོན་ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། ཨོ་རྩལ་དཔལ་འབར་སྤར་བའི་མཛད་སྒོའི་སྐབས་སུ། ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་བོད་དོན་ལས་འགུལ་བ་གསུམ་གློད་གྲོལ་བཏང་འདུག་པ་དང་། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་གཅིག་སྔོན་ལ་ཁྲིམས་ཁང་དུ་ཉན་ཞིབ་བྱེད་འཆར་ཡོད་འདུག
ཉིན་ཤས་སྔོན་ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། ཨོ་རྩལ་དཔལ་འབར་སྤར་བའི་མཛད་སྒོའི་སྐབས་སུ། ངོ་རྒོལ་ལས་འགུལ་སྤེལ་མཁན་གྱི་བོད་དོན་ལས་འགུལ་བ་གསུམ་གློད་གྲོལ་བཏང་འདུག་པ་དང་། དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ཉིན་གཅིག་སྔོན་ལ་ཁྲིམས་ཁང་དུ་ཉན་ཞིབ་བྱེད་འཆར་ཡོད་འདུག
ཟླ་༡༠ པའི་ཚེས་༡༨ ཉིན་གནའ་རབས་སུ་ཨོ་རྩལ་འགྲན་ཚོགས་བྱེད་ཡུལ་གྷེ་རི་སེའི་ཨོ་ལིམ་པཱི་ཡ་ས་གནས་ཀྱི་ཧཱི་རཱ་ལྷ་ཁང་དུ། ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ནས། ཨོ་རྩལ་དཔལ་འབར་སྤར་བའི་མཛད་སྒོའི་སྐབས་སུ། བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་དང་ཇཱེ་སོན་ ནཱེ་ཐེ་(Jason Leith)། ཧྥ་རན་ མེ་ཌོ་གོལ་(Fern MacDougal) བཅས་མཛད་སྒོ་འཚོགས་ཡུལ་དུ་འཛུལ་ཐུབ་ནས། བོད་ཀྱི་རྒྱལ་དར་དང་མི་རིགས་རྩ་མེད་ཀྱི་ཨོ་རྩལ་འགྲན་ཚོགས་མི་དགོས་ཞེས་པའི་འཕྲེད་དར་འཕྱར་ནས། སྐད་འབོད་དང་སྦྲགས་ནས་ངོ་རྒོལ་ལས་འགུལ་སྤེལ་སྐབས་སུ་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་དང་། ཚེས་༢༠ ཉིན་ཁོང་གསུམ་གློད་གྲོལ་བཏང་ཡོད་པ་རེད།
ཁོང་གསུམ་གྱིས་ངོ་རྒོལ་ལས་འགུལ་སྐབས་སུ་གཏོར་སྐྱོན་གྱི་གནད་དོན་གང་ཡང་བྱས་མེད་ཀྱང་། ཁོང་གསུམ་ལ་གནའ་རབས་ཀྱི་དྲན་རྟེན་རྡོ་རིང་(Monument) ཞིག་གཏོར་སྐྱོན་བཏང་བའི་ཉེས་འཛུགས་བྱས་འདུག་པ་དང་། ཁྲིམས་ཁང་དུ་ཉན་ཞིབ་ཀྱི་ཚེས་གྲངས་ཀྱང་ཕྱིར་འགྱངས་བྱས་ཏེ་ཕྱི་ལོ་༢༠༢༢ ལོའི་ཟླ་༢ པའི་ཚེས་༣ ཉིན་ལ་གཏན་འབེབས་བྱས་འདུག དེ་ཡང་ཚེས་གྲངས་དེའི་ཉིན་རྗེས་མར་ཚེས་༤ ཉིན་རྒྱ་ནག་ཏུ་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་འཛུགས་བྱེད་རྒྱུ་ཡིན་པ་རེད།
ཡུ་རོབ་གྷེ་རི་སེར་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་གྱི་མེ་ལྕེ་སྤར་བ་དང་རྒྱ་ནག་ལ་རྩིས་སྤྲོད་བཅས་ཀྱི་ལས་རིམ་ཉིན་གྲངས་གསུམ་རིང་། བོད་དོན་ལས་འགུལ་བ་ཁྱོན་བསྡོམས་མི་༩ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག་པ་དང་། གློད་གྲོལ་བྱུང་མཁན་མཐའ་མ་དེ་ཁོང་གསུམ་པོ་རེད་འདུག
དེ་བཞིན་ཟླ་༡༠ པའི་ཚེས་༡༧ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་རང་ལོ་༡༨ ཡིན་པའི་བོད་མི་ཚེ་ལྷ་དང་། ཧོང་ཀོང་ལས་འགུལ་བ་རང་ལོ་༢༢ ཡིན་པའི་ཇཱོ་སཱུ་(Joey Siu) གཉིས་ཀྱིས་བོད་ཀྱི་རྒྱལ་དར་དང་། ཧོང་ཀོང་གི་ལས་འགུལ་ཆེན་མོའི་དར་ཆ་འཁྱེར་ནས། ཕྱི་ལོ་༢༠༢༢ ལོའི་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ཡོད། བོད་ལ་རང་དབང་དགོས་སོགས་ཀྱི་འབོད་ཚིག་བསྒྲགས་ནས་ངོ་རྒོལ་ལས་འགུལ་སྤེལ་འདུག་པས། ཡུན་རིང་མ་སོང་བར་ཉེན་རྟོག་པ་སླེབས་ནས་བཀག་ཉར་བྱས་ཡོད་པ་དང་། ཚེས་༡༨ ཉིན་གློད་གྲོལ་བཏང་འདུག ཁོང་གཉིས་ཟླ་༡ པོའི་ནང་ཁྲིམས་ཁང་དུ་ཉན་ཞིབ་ཏུ་ཡོང་དགོས་ཀྱི་ཡོད་འདུག
དེ་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ནང་དུ་གྷེ་རི་སེའི་རྒྱལ་ས་ཨེ་ཐན་སཱེ་ནི་གལ་ཆེན་པོ་ཆགས་ཀྱི་ཡོད་པས། ཐེངས་འདིར་བོད་དོན་ལས་འགུལ་བ་སོགས་ཀྱིས་སྤེལ་བའི་ངོ་རྒོལ་གྱི་ལས་འགུལ་དེར་དོ་སྣང་ཆེན་པོ་བྱུང་ནས་རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་མང་པོ་ཞིག་ནང་བཀོད་འདུག
བོད་དང་ཡུ་གུར། ལྷོ་སོག ཧོང་ཀོང་། ཐའེ་ཝན། རྒྱ་ནག་བཅས་ལས་འགུལ་བའི་ཚོགས་པ་༡༦༠ ཡིས། རྒྱལ་སྤྱིའི་ཨོ་རྩལ་ལྷན་ཚོགས་ལ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པ་ལས་ཡར་རྒྱས་ཀྱི་རྣམ་པ་མཐོང་རྒྱུ་མེད་རྐྱེན། ཨོ་རྩལ་འགྲན་ཚོགས་ཀྱི་ལྟ་བ་ལངས་ཕྱོགས་དང་མཐུན་གྱི་མེད་པས། འགྲན་ཚོགས་དེ་རྒྱ་ནག་ལ་གོ་སྒྲིག་བྱེད་དུ་མི་འཇུག་པའི་རེ་འབོད་ཀྱི་ཞུ་ཡིག་སྤྲད་ཡོད་པ་མ་ཟད། ལས་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་རེད་དེ། ཨོ་རྩལ་ལྷན་ཚོགས་ནས་བཟང་ཕྱོགས་ཀྱི་ལན་འདེབས་གང་ཡང་སྤྲད་མེད་པ་རེད། འོན་ཀྱང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ཁག་ཅིག་གིས། རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྐབས་སུ་རྒྱལ་ཁབ་ཁག་གི་གནད་ཡོད་མི་སྣ་མཉམ་ཞུགས་མི་བྱེད་པར་གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱེད་དགོས་སྐོར་བརྗོད་ཡོད་པ་རེད། །
གསར་འགོད་པ་སྐལ་བཟང་དོན་གྲུབ།