དགོད་བྲོ་འཁྲབ་སྟོན་པ་ཞིག་སྲིད་འཛིན་ཆགས་འདུག

ཡུ་རོབ་ཡུག་ཀེ་རཱན་རྒྱལ་ཁབ་ཀྱི་མི་མང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ནང་གསར་པ་ཡིན་མཁན་དགོད་བྲོ་འཁྲབ་སྟོན་པ་ཞིག་སྲིད་འཛིན་དུ་འོས་འདེམས་བྱས་འདུག་པ་དང་། དེ་ཡང་འོས་བསྡུའི་གྲུབ་དོན་དེས་མི་མང་གིས་ཆབ་སྲིད་པ་རྙིང་པ་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཡིད་ཆེས་བརླགས་ནས། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པ་ཡིན་འདུག

ཡུ་རོབ་ཡུག་ཀེ་རཱན་རྒྱལ་ཁབ་ཀྱི་མི་མང་གིས་ཆབ་སྲིད་ཀྱི་ཁོར་ཡུག་ནང་གསར་པ་ཡིན་མཁན་དགོད་བྲོ་འཁྲབ་སྟོན་པ་ཞིག་སྲིད་འཛིན་དུ་འོས་འདེམས་བྱས་འདུག་པ་དང་། དེ་ཡང་འོས་བསྡུའི་གྲུབ་དོན་དེས་མི་མང་གིས་ཆབ་སྲིད་པ་རྙིང་པ་རྣམས་ཀྱི་ལས་དོན་བྱེད་ཕྱོགས་ལ་ཡིད་ཆེས་བརླགས་ནས། ཁོང་ལ་འོས་བསྡུའི་རྒྱལ་ཁ་ཆེན་པོ་ཐོབ་པ་ཡིན་འདུག

ཟླ་༤ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༤ པའི་ཚེས་༢༡ ཉིན་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཡུག་ཀེ་རཱན་ནང་དུ། མི་མང་གིས་སྲིད་འཛིན་གྱི་དངོས་གཞིའི་འོས་བསྡུར་འོས་ཤོག་འཕངས་འདུག་པ་དང་། འོས་བསྡུའི་གྲུབ་དོན་དུ་རང་ལོ་༤༡ ཡིན་པའི་དགོད་བྲོ་འཁྲབ་སྟོན་པ་ཛཱེ་ལན་སི་ཀཱི་ལ་འོས་གྲངས་བརྒྱ་ཆ་༧༣ ལས་མང་བ་ཐོབ་ནས་རྒྱལ་ཁ་ཤིན་ཏུ་ཆེན་པོའི་ཐོག་ནས་སྲིད་འཛིན་དུ་འདེམས་ཐོན་བྱུང་འདུག་པ་དང་། འོས་འགྲན་པ་སྲིད་འཛིན་ལས་ཁུར་བ་པཱོ་རོ་ཤིན་ཀཱོ་ལ་འོས་གྲངས་བརྒྱ་ཆ་༢༥ ལྷག་ཐོབ་ནས་ཕམ་ཁ་ཆེན་པོ་བྱུང་འདུག

དེ་ཡང་འོས་ཐོབ་པ་ཁོང་ཡུག་ཀེ་རཱན་གྱི་བརྙན་འཕྲིན་ནང་དུ་ཟུར་ཟའི་གཏམ་རྒྱུད་ལེ་ཚན་མི་མང་གི་ཞབས་ཞུ་པ་ཞེས་པ་དེའི་ནང་འཁྲབ་སྟོན་མི་སྣ་གཙོ་བོ་ཡིན་འདུག་པ་དང་། གཏམ་རྒྱུད་དེའི་ནང་ཁོང་ནི་གཞུང་གི་ལྐོག་ཟ་རུལ་སུངས་སོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་དགེ་རྒན་ཞིག་ཡིན་པ་དང་། རྗེས་སུ་འཆར་གཞི་མེད་པར་གློ་བུར་གྱི་རྐྱེན་ལ་བརྟེན་ནས་སྲིད་འཛིན་ཆགས་ཀྱི་ཡོད་འདུག ཐེངས་འདིར་ཁོང་དངོས་སུ་སྲིད་འཛིན་དུ་འདེམས་ཐོན་བྱུང་ཡོད་པས། ཁོང་གིས་མི་མང་རྣམས་ཀྱི་བློ་ཕམ་བཅུག་རྒྱུ་མིན་པ་ཁས་ལེན་བྱས་འདུག

དེ་ཡང་ཡུག་ཀེ་རཱན་ནང་ལྐོག་ཟ་རུལ་སུངས་དང་གྱེན་ལངས་ཤོག་ཁག་དང་དམག་འཁྲུག དེ་བཞིན་ཨུ་རུ་སུའི་ཐེ་བྱུས་སོགས་ལ་བརྟེན་ནས། རྒྱལ་ཁབ་ནང་དཔལ་འབྱོར་ཉམས་རྒུད་དང་འཚོ་བའི་རིན་གོང་འཕར་བ་སོགས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པས། མི་མང་གིས་ཆབ་སྲིད་མི་སྣ་རྙིང་པ་རྣམས་ལ་ཡིད་ཆེས་བརླགས་ཡོད་པའི་སྐབས་སུ། སྲིད་དོན་ཁོར་ཡུག་ནང་གསར་པ་ཡིན་མཁན་དང་བརྙན་འཕྲིན་ལེ་ཚན་ནང་འཁྲབ་སྟོན་བྱེད་མཁན་ཛཱེ་ལན་སི་ཀཱི་ཡིས། འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་ལྐོག་ཟ་རུལ་སུངས་རྩ་མེད་དང་། ཆབ་སྲིད་ནང་ཤུགས་རྐྱེན་ཆེན་པོ་ཡོད་པའི་ཕྱུག་བདག་ཚོའི་དབང་ཤུགས་མེད་པ་བཟོ་རྒྱུ་ཁས་ལེན་བྱས་ཡོད་པས། མི་མང་གིས་མི་གསར་པ་ཞིག་ལ་གོ་སྐབས་སྤྲད་ན་འགྱུར་བ་བཟང་ཕྱོགས་སུ་འགྲོ་བའི་རེ་བ་བྱས་ནས་འོས་ཤོག་ཁོང་ལ་འཕངས་པ་ཡིན་འདུག མི་མང་ཁག་ཅིག་གིས་ཁོང་ལ་ཡིད་ཆེས་ཆེན་པོ་ཡོད་ཚུལ་བརྗོད་འདུག་ཀྱང་། ཁག་ཅིག་གིས་ཁོང་གིས་ལས་དོན་གང་འདྲ་བྱེད་མིན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་ཡང་། མི་གསར་པ་ཞིག་ལ་གོ་སྐབས་སྤྲད་རྒྱུར་འདོད་པ་ཡོད་སྐོར་བརྗོད་འདུག

འོས་ཐོབ་པ་ཁོང་གིས་ཡུག་ཀཱེ་རན་ནང་གི་ཨུ་རུ་སུའི་རྒྱབ་སྐྱོར་ཡོད་པའི་གྱེན་ལངས་རུ་ཁག་དང་མཉམ་དུ་ཞི་བའི་གྲོས་མོལ་བསྐྱར་དུ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ཁོང་ལ་སྐྱོན་བརྗོད་བྱེད་མཁན་ཚོས་ཁོང་ལ་ཆབ་སྲིད་ཀྱི་ཉམས་མྱོང་མེད་པས། ལས་དོན་ལ་ནོར་འཁྲུལ་ཆེན་པོ་བཟོ་སྲིད་སྐོར་བརྗོད་བཞིན་འདུག་ཀྱང་། ཁོང་གིས་ཆབ་སྲིད་ཀྱི་ལས་གནས་སུ་འོས་འགྲན་བྱས་པ་ཐེངས་དང་པོ་ཡིན་ཡང་། དེ་སྔོན་ཕྱི་ལོ་༢༠༠༤ ལོར་རྒྱལ་ཁབ་དེའི་སྲིད་འཛིན་གནས་དབྱུང་བཏང་བའི་ངོ་རྒོལ་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མྱོང་ཡོད་ཁར། རྒྱལ་ཁབ་དེའི་ནང་ཨུ་རུ་སུའི་རྒྱབ་སྐྱོར་ཡོད་པའི་གྱེན་ལངས་ཤོག་ཁག་གི་དམག་འཁྲུག་འགོ་བཙུགས་སྐབས། ཁོང་གིས་གྱེན་ལངས་ཤོག་ཁག་དང་དམག་འཐབ་བྱེད་མཁན་དང་བླངས་དམག་གི་རུ་ཁག་ལ་དཔལ་འབྱོར་མཐུན་སྦྱོར་གྱི་རམ་འདེགས་བྱས་ཡོད་འདུག་པས། ཆབ་སྲིད་ཀྱི་ལས་འགུལ་ནང་མཉམ་ཞུགས་བྱེད་མྱོང་ཡོད་མཁན་ཞིག་ཡིན་འདུག

འོས་ཤོག་ཕམ་མཁན་སྲིད་འཛིན་པཱོ་རོ་ཤིན་ཀཱོ་ཟླ་བ་གཅིག་རྗེས་སུ་ལས་གནས་ནས་འཁྱུར་གྱི་ཡོད་པས། ཁོང་གིས་སྲིད་འཛིན་གྱི་ལས་གནས་ནས་འཁྱུར་དགོས་ཀྱི་ཡོད་ཀྱང་། ཆབ་སྲིད་ནས་དགོངས་པ་ཞུ་ཡི་མེད་པས། མུ་མཐུད་ནས་སྲིད་འཛིན་གསར་པར་རོགས་པ་བྱེད་རྒྱུར་གྲ་སྒྲིག་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།