དགོད་བྲོའི་གཏམ་གླེང་པ་ཞིག་ལ་བཀག་འགོག་བྱས་ནས་གླེང་སློང་ཆེན་པོ་བྱུང་འདུག 

རྒྱ་གར་གྱི་དགོད་བྲོའི་གཏམ་གླེང་པ་ཞིག་གིས། བྷེ་ཇེ་བྷེ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་རྩོད་རྙོག་ཆེ་བའི་གསར་འགོད་པ་ཞིག་ལ་གནམ་གྲུའི་ནང་དྲི་བ་སྣ་ཚོགས་བསྐུལ་ནས་སུན་གཙེར་བཟོས་རྐྱེན། གནམ་གྲུ་ཚོང་ལས་ཁང་ཁག་ཅིག་གིས་ཁོང་གནམ་གྲུའི་ནང་གནས་སྐབས་འཕུར་བར་བཀག་སྡོམ་བྱས་འདུག་པས། གནད་དོན་དེའི་ཐོག་སྤྱི་ཚོགས་དྲ་ལམ་ཁག་གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་འགྲོ་བཞིན་འདུག 

རྒྱ་གར་གྱི་དགོད་བྲོའི་གཏམ་གླེང་པ་ཞིག་གིས། བྷེ་ཇེ་བྷེ་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་དང་རྩོད་རྙོག་ཆེ་བའི་གསར་འགོད་པ་ཞིག་ལ་གནམ་གྲུའི་ནང་དྲི་བ་སྣ་ཚོགས་བསྐུལ་ནས་སུན་གཙེར་བཟོས་རྐྱེན། གནམ་གྲུ་ཚོང་ལས་ཁང་ཁག་ཅིག་གིས་ཁོང་གནམ་གྲུའི་ནང་གནས་སྐབས་འཕུར་བར་བཀག་འགོག་བྱས་འདུག་པས། གནད་དོན་དེའི་ཐོག་སྤྱི་ཚོགས་དྲ་ལམ་ཁག་གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གླེང་སློང་ཆེན་པོ་འགྲོ་བཞིན་འདུག 

དེ་ཡང་ཟླ་༡ པོའི་ཚེས་༣༠ ཉིན་རྒྱལ་སྤྱི་དང་རྒྱ་གར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༢༨ ཉིན་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ནས་ལག་ནའོ་ལ་འཕུར་མཁན་གྱི་གནམ་གྲུ་ཞིག་ནང་དུ། རྒྱ་གར་དབུས་གཞུང་འཛིན་སྲིད་དོན་ཚོགས་པ་བྷེ་ཇེ་བྷེ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་གྱི་བརྙན་འཕྲིན་གསར་ཁང་(Republic) གི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་གསར་འགོད་པ་ཨར་ནབ་གྷོ་སེ་ཝ་མཱི་ལ། རྒྱུན་དུ་ནས་རྒྱ་གར་ནང་མི་མང་དབྱེ་འབྱེད་དང་ཁ་འཐོར་གཏོང་བའི་ཆབ་སྲིད་ལས་འགུལ་དང་ལྟ་བ། དེ་བཞིན་བྷེ་ཇི་བྷི་སྲིད་དོན་ཚོགས་པ་གཙོས་པའི་སྲིད་དོན་ཁོར་ཡུག་ལ་དགོད་བྲོའི་གཏམ་གླེང་ཐོག་ནས་སྐྱོན་བརྗོད་དང་ཟུར་ཟ་བྱེད་མཁན་དགོད་བྲོའི་གཏམ་གླེང་པ་ཀུ་ནལ་ཀམ་རྭ་ཡིས། དྲི་བ་སྣ་ཚོགས་བསྐུལ་ཡང་གསར་འགོད་པ་དེས་ལན་འདེབས་མ་བྱས་པས། ཁོང་གིས་བརྙན་ཐུང་ཞིག་བཟོས་ནས་ཁྱེད་རང་སྡར་མ་ཡིན་ནམ་མི་རིགས་རིང་ལུགས་པ་ཡིན་ཞེས་དྲི་བ་དྲིས་པ་སོགས་ཀྱིས་སུན་པོ་བཟོས་ཀྱང་། གསར་འགོད་པ་དེས་ལན་འདེབས་གང་ཡང་མ་བྱས་པར་བསྡད་ཡོད་པ་རེད། རྗེས་སུ་ཁོང་གིས་བརྙན་ཐུང་དེ་དྲ་ལམ་ཐོག་ཏུ་བཞག་ནས་ཤུགས་ཆེན་ཁྱབ་སྤེལ་སོང་འདུག་པས། ཁོང་གཉིས་འཕུར་ཡུལ་གྱི་གནམ་གྲུ་ཚོང་ལས་ཁང་དེ་དང་དེ་མིན་གནམ་གྲུ་གཞན་༣ གྱིས། དགོད་བྲོའི་གཏམ་གླེང་པ་ཁོང་གི་ཚུལ་མིན་བྱ་སྤྱོད་ཀྱིས་འགྲུལ་པ་གཞན་གྱི་བདེ་ཐང་ལ་ཉེན་ཁ་བཟོས་ཡོད་པས། ཟླ་བ་༦ རིང་གནམ་གྲུ་དེ་དག་ནང་འཕུར་བར་བཀག་འགོག་བྱས་པའི་གསལ་བསྒྲགས་བྱས་འདུག དེ་ཡང་ཐོག་མར་འཕུར་ཡུལ་གྱི་གནམ་གྲུ་དེས་གསལ་བསྒྲགས་བྱས་རྗེས། རྒྱ་གར་གྱི་མཁའ་ལམ་འགྲུལ་བཞུད་ཀྱི་བློན་ཆེན་གྱིས་གནམ་གྲུ་ཚོང་ལས་ཁང་གཞན་པ་ཚོས་ཀྱང་དེ་ལྟར་རྗེས་སུ་འཇུག་དགོས་པའི་བཀའ་བཏང་ཡོད་འདུག 

རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རེ་སིའི་གནད་ཡོད་མི་སྣ་ཁག་ཅིག་དང་། དེ་བཞིན་དྲ་ལམ་ཁག་ཏུ་གནམ་གྲུའི་ཚོང་ལས་ཁང་དེ་དག་གི་ཐག་གཅོད་ལ་སྐྱོན་བརྗོད་དང་དོགས་སློང་ཆེན་པོ་བྱེད་བཞིན་འདུག དེ་ཡང་དེ་སྔོན་སྤྱི་ཁྱབ་རྩོམ་སྒྲིག་པ་དེའི་གཤམ་འོག་གི་གསར་འགོད་པ་ཚོས། གནམ་གྲུ་མ་འཕུར་སྔོན་དུ་ཡར་འཛུལ་ནས་སྲིད་དོན་པ་ཁག་ཅིག་ལ་སུན་གཙེར་བཟོས་ནས་དྲི་བ་བསྐུལ་བ་སོགས་བྱས་ཡོད་ཁར། རྒྱ་གར་དབུས་གྲོས་ཚོགས་འཐུས་མི་དང་བྷེ་ཇེ་བྷེ་སྲིད་དོན་ཚོགས་པའི་ཚོགས་མི་ཞིག་གིས་གནམ་གྲུ་ཞིག་ནང་ཁ་རྩོད་བརྒྱབ་ནས་གནམ་གྲུ་འཕུར་རྒྱུ་དུས་འགྱངས་བྱེད་དགོས་ཁེལ་བ་སོགས་ཀྱི་གནད་དོན་ཁག་ཅིག་ལྷག་ཡོད་ཀྱང་། དེ་དག་གི་བྱ་སྤྱོད་ལ་ཉེས་པ་གང་ཡང་བཏང་མེད་པས། ཐེངས་འདིར་དབུས་གཞུང་འཛིན་ཚོགས་པ་ལ་རྒྱབ་སྐྱོར་ཤུགས་ཆེན་དང་། དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོར་བརྙན་འཕྲིན་ལས་རིམ་ནང་རྒྱལ་ཚོང་པ་སོགས་ཀྱི་མིང་ངན་སྣ་ཚོགས་འབོད་པ་དང་། བཀའ་བཀྱོན་བཏང་བ་སོགས་བྱེད་མཁན་ཞིག་ལ། དགོད་བྲོའི་གཏམ་གླེང་པ་ཞིག་གིས་སུན་གཙེར་བཟོས་པར་ཐག་གཅོད་ངར་པོ་དེ་འདྲ་བྱས་པ་ནི། དབུས་གཞུང་ལ་སྤྲེལ་ལད་འཁྲབ་པ་ཡིན་པ་དང་དྲང་བདེན་གྱི་ཐག་གཅོད་ཅིག་མིན་པའི་སྐྱོན་བརྗོད་བྱེད་མཁན་མང་པོ་ཡོད་འདུག དེ་བཞིན་གནད་དོན་དེས་རྒྱ་གར་གྱི་མང་གཙོའི་ལམ་བུའི་ནང་། དབུས་གཞུང་འཛིན་ཚོགས་པ་དང་འབྲེལ་བ་ཡག་པོ་ཡོད་མཁན་ཚོའི་དབང་ཤུགས་གསལ་སྟོན་དང་། དེ་ལ་སྐྱོན་བརྗོད་བྱེད་མཁན་ཚོར་གནོན་ཤུགས་གང་འདྲ་སྤྲོད་ཀྱི་ཡོད་པ་གསལ་པོ་ཆགས་ནས་སྨྲ་བརྗོད་རང་དབང་གི་གནས་བབ་ཉེན་ཁའི་གནས་སུ་ལྷུང་ཡོད་སྐོར་གྱི་བསམ་ཚུལ་འདོན་མཁན་ཡང་མང་པོ་ཡོད་འདུག 

སྤྱིར་བཏང་སྒྲིག་འཛུགས་ལྟར་ན། གནམ་གྲུའི་ནང་ངག་གི་ཚུལ་མིན་བྱ་སྤྱོད་རིགས་ཀྱི་གནད་དོན་བྱུང་ཚེ། ཐོག་མར་ཉིན་གྲངས་༣༠ ཡི་རིང་གནམ་གྲུ་ནས་བཀག་འགོག་བྱེད་དགོས་ཀྱི་ཡོད་པ་དང་། དེའི་རིང་རྒས་ཡོལ་སོང་བའི་ཁྲིམས་དཔོན་ཞིག་གི་འགོ་ཁྲིད་པའི་ནང་ཁུལ་རྟོག་ཞིབ་གཅིག་འགྲོ་དགོས་ཀྱི་ཡོད་འདུག གལ་ཏེ་འགྲུལ་པ་དེའི་བྱ་སྤྱོད་ཚུལ་མིན་ནམ་སྒྲིག་འགལ་ཡིན་པ་ར་སྤྲོད་བྱུང་ཚེ། བཀག་འགོག་ཟླ་བ་༣ ལས་མི་མང་བྱེད་དགོས་ཀྱི་ཡོད་འདུག འོན་ཀྱང་དགོད་བྲོའི་གཏམ་གླེང་པ་ཁོང་ལ་གནམ་གྲུ་ཚོང་ལས་ཁང་བཞི་ཡིས་རྟོག་ཞིབ་སོགས་གང་ཡང་མེད་པར་ཐད་ཀར་ཟླ་བ་༦ གི་བཀག་འགོག་གསལ་བསྒྲགས་བྱས་པ་དེ་ཁྲིམས་མཐུན་ཆགས་ཀྱི་མེད་འདུག 

དགོད་བྲོའི་གཏམ་གླེང་པ་ཁོང་གིས། རྒྱ་གར་ནང་ཚོར་བ་རྣོན་པའི་གནད་དོན་མང་པོ་ཞིག་གི་ཐོག་ཏུ། དགོད་བྲོའི་གཏམ་གླེང་ཐོག་ནས་རང་གི་བསམ་ཚུལ་དང་སྐྱོན་བརྗོད་སོགས་བྱེད་ཀྱི་ཡོད་པ་དང་། རྒྱ་གར་ནང་ཁོང་གི་སྐད་ཆར་དགའ་མོས་དང་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད་པ་རེད། དེ་སྔོན་ཁོང་གིས་རྒྱ་གར་གྱི་སྲིད་བློན་མཱོ་རྡི་དང་བྷེ་ཇེ་བྷེ་ཡི་བྱ་སྤྱོད་ལ་དགོད་བྲོའི་གཏམ་གླེང་ཐོག་ནས་ཟུར་ཟ་བྱས་ནས། བརྙན་ཐུང་དེ་ཁྱབ་ཆེན་སོང་ཡོད་ཁར། ཁོང་ལ་ཚེ་སྲོག་གི་སྡིགས་བསྐུལ་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་རེད་འདུག དེང་གི་ཆར་རྒྱ་གར་ནང་དགོད་བྲོའི་གཏམ་གླེང་པ་གསར་པ་མང་པོ་ཞིག་ཐོན་བཞིན་ཡོད་ཁར། དེ་དག་ལ་གོ་སྐབས་དང་རྒྱབ་སྐྱོར་ཡང་ཆེན་པོ་ཡོང་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།