དགོས་སར་ཆད། མི་དགོས་སར་ལྷག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བདུན་པར། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢ པའི་དགོངས་དོན་བཞིན། བཀའ་དྲུང་རྫོང་དཀར་སྟོབས་རྒྱལ་ཚེ་རིང་བཀའ་བློན་གྱི་འོས་གཞིར་བཏོན་པ་དང་།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༤༥  ཕྱི་ལོ་ ༢༠༡༩/༤ /༣

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་བདུན་པར། སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེང་གེས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢ པའི་དགོངས་དོན་བཞིན། བཀའ་དྲུང་རྫོང་དཀར་སྟོབས་རྒྱལ་ཚེ་རིང་བཀའ་བློན་གྱི་འོས་གཞིར་བཏོན་པ་དང་། དབུས་གཙང་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་པ་བརྒྱབ་ནས་འོས་བསྡུ་བྱས་ཡོད་ཅིང་། སྐབས་དེར་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འབོར་༤༥ ནས་མདོ་སྟོད་སྤྱི་འཐུས་པདྨ་བདེ་ལེགས་དང་། མདོ་སྨད་སྤྱི་འཐུས་རྒྱ་རིགས་ཐར་གཉིས་ཚོགས་དུས་ཆ་ཚང་ལ་དགོངས་པ་ཞུས་ཡོད་པས། གྲོས་ཚོགས་ནང་ངོ་ཡོད་སྤྱི་འཐུས་༤༣ ལས་འཛོམས་མེད། སྤྱི་འཐུས་ཚོགས་གཙོས་འོས་མ་འཕངས་པས། སྐབས་འདིར་དངོས་སུ་འོས་འཕེན་མཁན་སྤྱི་འཐུས་༤༢ བྱུང་ཡོད་པ་ནས། བཀའ་བློན་དུ་མི་འོས་པར་རྟགས་རྒྱག་མཁན་གྲངས་༡༨ སྟོང་པ་༢ རྩིས་མེད་༡ བཅས་དང་། བཀའ་བློན་དུ་འོས་རྟགས་རྒྱག་མཁན་གྲངས་༢༡ བྱུང་བས་སྤྱི་འཐུས་ཚོགས་གཙོས་བཅའ་ཁྲིམས་གཞིར་བཟུང་བཀའ་བློན་དུ་འདེམས་ཐོན་བྱུང་བར་གསལ་བསྒྲགས་གནང་།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་ངོ་ཡོད་༤༣ ནས་འོས་གྲངས་༢༡ ལས་མ་ཐོབ་པར་བརྒྱ་ཆ་ལོངས་ཡོད་མེད་འདྲི་རྩད་གནང་བ་དང་། སྤྱི་འཐུས་ཚོགས་གཙོས་དེ་ལ་ལན་འདེབས་གསལ་བཤད་སོགས་སྔ་རྗེས་གནང་ཡང་། མཐའ་མ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཅའ་ཁྲིམས་ཀྱི་ནང་དུ་“ངོ་ཡོད་སྤྱི་འཐུས་ཀྱི་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བའི་འོས་ཤོག་ཐོབ་ན་བཀའ་བློན་དུ་འོས་ཐོན་གསལ་བསྒྲགས་བྱ་རྒྱུ།”འཁོད་པའི་ཚིག་གི་ཐད་ཀའི་ངོ་གདོང་ལ་འཇུས་ནས་བརྒྱ་ཆ་ལྔ་བཅུ་ལོངས་མེད་པས། བཅའ་ཁྲིམས་དང་འགལ་བའི་གནས་སྟངས་དེ་ལ་བརྟེན་ནས་བཀའ་བློན་གྱི་ལས་ཁུར་དམ་བཅའ་བཞེས་རྒྱུ་མིན་པའི་འགྲེལ་བརྗོད་གནང་ཡོད་ཚུལ་འདུག སྤྱི་འགྲོས་རྩིས་ཀྱི་བརྒྱ་ཆ་སྐོར་སྟངས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དགོངས་ཚུལ་བརྗོད་པ་བཞིན་ཡིན་ནའང་། གྲོས་ཚོགས་ནང་ཐག་གཅོད་བྱེད་སྐབས་ད་ལྟའི་གནས་སྟངས་འདི་ལྟ་བུ་ཡོང་ངེས་ཡིན་པ་སྔོན་དཔག་གིས་ཐག་གཅོད་བྱེད་སྟངས་བཅའ་ཁྲིམས་རང་དུ་ཁ་གསལ་བཀོད་ཡོད་སྟབས། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་སུ་ཡིན་ཡང་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ངེས་པར་དུ་བྱེད་དགོས།

བཅའ་ཁྲིམས་དོན་ཚན་༤༩ པའི་ནང་གསེས་དང་པོ། “སྤྱི་འཐུས་ལྷན་ཚོགས་དང༌། དེའི་རྒྱུན་ལས་གཉིས་ཀར་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་འཛོམས་ན་ཚོགས་གཙོ་ཚོགས་གཞོན་འོས་བསྡུ་བྱ་རྒྱུའི་མཚོན་རང་རང་གི་ལས་དོན་བྱེད་པའི་དབང་ཆ་ཡོད། འོན་ཀྱང་སྤྱི་འཐུས་རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་སྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མ་དགོས།”ཞེས་གསལ་ཡོད་པས། རྩ་འབོར་དང་ངོ་ཡོད་ཆ་བགོས་རྩིས་བསྐོར་སྐབས་འཕྲོས་ལྷག་སྐར་ཆ་བརྩི་མི་དགོས་པ་ནི་བཅའ་ཁྲིམས་ཀྱི་དགོངས་དོན་སྤྱི་ལ་ཁྱབ་པ་ཞིག་ཡིན་པས། བཀའ་བློན་གྱི་འོས་གཞི་འདི་ལ་མཚོན་ནའང་འཕྲོས་ལྷག་གི་སྐར་ཆ་མ་བརྩིས་ན་ངོ་ཡོད་ཀྱི་བརྒྱ་ཆ་༥༠ ཏག་ཏག་ལོངས་ཡོད་པས། བཅའ་ཁྲིམས་སུ་གསལ་བ་ལྟར་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད། གཞན་ཡང་བཅའ་ཁྲིམས་དོན་ཚན་༥༨ པའི་ནང་གསེས་དང་པོ། “སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག”ཅེས་པའི་དགོངས་དོན་ལའང་ཁྲིམས་ཞིབ་ཁང་གིས་ཐུགས་སྣང་དགོས་ངེས་རེད།

བཀའ་བློན་དུ་འདེམས་ཐོན་བྱུང་ཟིན་པ་ཞིག་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལས་ཁུར་དམ་འབུལ་མི་བཞེས་རྒྱུའི་ཆ་རྐྱེན་བཅའ་ཁྲིམས་ཀྱི་ནང་དུ་གཏན་ནས་མེད་པར། བཅའ་ཁྲིམས་དོན་ཚན་ཉེར་ལྔ་པ། “འདེམས་ཐོན་སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས།”ཞེས་གསལ་ཡོད་པས། ཁྲིམས་དང་ལུགས་སྲོལ་གང་དུའང་མེད་པ་ཞིག་ཁྲིམས་ཞིབ་ཁང་ནས་གནང་བསྡད་ན། མ་འོངས་པར་བཀའ་ཤག་གི་ཐུགས་འདོད་དང་མི་མཐུན་པའི་ཁྲིམས་སྒྲིག་བསྐྱར་བཅོས་སོགས་ལ་སྲིད་སྐྱོང་གིས་མཚན་རྟགས་མི་འགོད་པའང་ཡོང་སྲིད་པ་མ་རེད་དམ། “སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་གཏན་འབེབས་བྱས་པའི་ཁྲིམས་འཆར་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་བཀོད་པའི་ཁྲིམས་ཡིག་གི་སྒོ་ནས་བསྐྱར་བཅོས་ཆོག་རྒྱུ།”ཞེས་གསལ་བས་ཆོག་མཆན་མིང་རྟགས་མ་བཀོད་ན་ཁྲིམས་ཆགས་ཐབས་མེད།

མདོར་ན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་གཉིས་པའི་ནང་བཀའ་བློན་འོས་འདེམས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེས་དགག་བྱ་དེ་བཀའ་བློན་གྱི་འོས་གཞི་ལ་མ་ཡིན་པར། འོས་འདོན་མཁན་ལ་བལྟས་ནས་དགག་བྱ་བྱེད་ཀྱི་ཡོད་པས། ངས་དེ་རིང་སངས་རྒྱས་བཅོམ་ལྡན་འདས་འོས་གཞིར་བཏང་ཡང་དགག་པ་རྒྱག་ངེས་རེད་ཅེས་གསུངས་པ་བཞིན། འོས་གཞི་འདོན་མཁན་ཁོ་ན་ལ་དམིགས་ནས་དགག་པ་རྒྱག་སྟངས་འདི་མུ་མཐུད་ན་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་ནག་ཐིག་ཅིག་ཏུ་འགྱུར་ངེས་རེད། དེ་བཞིན་ཁྲིམས་ཞིབ་ཁང་ནས་ཀྱང་བཅའ་ཁྲིམས་ལ་དོ་སྣང་དང་སྦྱོང་བརྡར་མང་ཙམ་གནང་དགོས་པ་དང་། མང་གཙོའི་ཀ་བ་གསུམ་གྱི་བརྗིད་ཉམས་སྟངས་འཛིན་གྱི་ས་མཚམས་ལས་བརྒལ་མི་རུང་ཞིང་། ལྷག་པར་དུ་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་ཟིན་པ་དེབ་འགོད་ཁ་མཆུ་ཨང་བརྒྱད་པ་ལྟ་བུའི་རིགས་ལ་མཇུག་སྐྱོང་དགོས་པ་དེ་ཡང་ཁྲིམས་ཞིབ་ཁང་གི་འགན་དབང་གཉིས་ཀར་གྱུར་ཡོད་པས། དགོས་སར་ཆད། མི་དགོས་སར་ལྷག་བསྡད་པའི་གནས་ཚུལ་འདི་ལྟ་བུ་གཏན་ནས་མི་འོས་པ་ཞིག་རེད་སྙམ།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།