དད་པ་དང་ནང་ཆོས་ཀྱི་འཆིང་ཐག
(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༡༠༡༢་གི་ཆེད་བརྗོད།)
བོད་མི་རིགས་ཀྱི་རྒྱུད་ལ་ཡོད་པའི་དད་པ་ནི་མི་རིགས་གཞན་དང་བསྡུར་ན་རང་ཆས་སུ་ཡོད་པ་ཞིག་ཏུ་བརྩི་ཆོག་ལ། བོད་སིལ་བུར་འཐོར་བ་ནས་བཟུང་ད་བར་བོད་ཀྱི་ས་ཆ་སོ་སོ་ནས་མི་རིགས་གཞན་གྱི་ངོ་བོར་མ་འགྱུར་བར་གནས་ཐུབ་པ་འདི་ཡང་བོད་ཀྱི་ཆོས་དང་རིག་གནས་དང་། བོད་མི་རིགས་ཀྱིས་དེ་ལ་བཅོས་མིན་ལྷག་བསམ་གྱིས་དགའ་ཞེན་དང་དད་ཞེན་ལ་བརྟེན་ནས་རྒྱུད་འཛིན་བྱེད་ཐུབ་པ་རེད། ཁ་ཤས་ཀྱིས་ད་ལྟ་བོད་རྗེས་ལུས་སུ་གྱུར་པ་དེ་དད་པ་ལ་བརྟེན་ནས་བྱུང་བ་རེད་ཅེས་སྐད་གསེང་མཐོན་པོས་སྒྲོག་མཁན་ཡོད་ལ། དེའི་ནང་དུ་གནས་སྟངས་དང་ལོ་རྒྱུས་མང་ཙམ་ཤེས་ཟེར་མཁན་དང་། རྒྱུ་མཚན་གང་ཡང་མ་ཤེས་ཀྱང་གཞན་ཟེར་རྗེས་འབྲངས་ཁོ་ན་ཙམ་བྱེད་མཁན་ཡང་རྒན་གཞོན་ཚང་མའི་ནང་ཡོད། ད་ལྟའི་ཆར་མི་ཚེར་ནང་ཆོས་ལ་སྦྱངས་ཀྱང་ནང་ཆོས་ལ་ཡིད་ཆེས་གཏན་ནས་མེད་མཁན་ལྟ་བུ་དང་། རང་ཉིད་དད་ཟས་གཤིན་ཟས་ཁོ་ན་ལ་བརྟེན་ནས་མི་ཚེ་བསྐྱལ་ཡང་། དོན་དུ་དཀོན་མཆོག་གསུམ་ལ་དད་པ་དང་ཡིད་ཆེས་མི་བྱེད་མཁན་ཡང་མཐོང་རྒྱུ་ཡོད།
ཉེ་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་འབྲེལ་དང་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བོད་མི་ཧ་ཅང་ཕོན་ཆེན་འདུ་འཛོམས་བྱུང་ཡོད་པ་དང་། སུད་སིར་ཡང་དེ་བཞིན་འདུ་འཛོམས་བྱུང་ཡོད། རོབ་རྩིས་བྱས་ན་གསུང་ཆོས་དེ་གཉིས་ཀྱི་སྐབས་དངོས་སུ་བཅར་མཁན་བོད་མི་ཁྲི་གསུམ་ལས་བརྒལ་བ་ཞིག་འཛོམས་ཡོད་པ་ལྟ་བུ་འདུག་ལ། གསུང་ཆོས་ཀྱི་ཁྱབ་བསྒྲགས་དུས་ཐུང་ནང་གནང་བ་ཞིག་ཡིན་པས་ལས་ཀར་དགོངས་པ་མ་རག་པ་སོགས་གནས་སྟངས་འདྲ་མིན་བྱུང་ཡོད་ངེས། གང་ལྟར་ཨ་རིའི་ནིའུ་ཡོག་དང་། སུད་སི་གཉིས་སུ་བོད་མི་འདུ་འཛོམས་བྱེད་སྟངས་ལ་བལྟས་ན་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་མི་འབོར་གཉིས་བརྒྱ་ཆ་ལྔ་བཅུ་ལས་བརྒལ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་མང་བ་ཆགས་ཟིན་པར་ངོས་འཛིན་ཡང་བྱེད་ཆོག་པ་ཞིག་ཏུ་གྱུར་སོང་། མདོར་ན་གསུང་ཆོས་འདི་གཉིས་ཀྱི་སྐབས་མི་མང་ཕོན་ཆེན་འདུ་འཛོམས་བྱུང་བ་དེ་ཡང་དད་པ་དང་དམ་ཚིག་ལ་བརྟེན་ནས་བྱུང་བ་རེད།
མི་རིགས་ཤིག་གསོན་པོར་གནས་དགོས་པའམ། ལྷག་པར་དུ་གཞན་གྱི་བཙན་གནོན་འོག་ཡོད་པའི་མི་རིགས་ཤིག་ཆོས་དང་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་གང་ཐད་ནས་ཁ་འཐོར་དུ་མི་འགྲོ་བར་གསོན་པོར་གནས་དགོས་ན་དམིགས་བསལ་གྱི་འཆིང་ཐག་ཅིག་ཡོད་དགོས། བོད་དང་བོད་མི་ལ་མཚོན་ན་ད་བར་བོད་མི་རིགས་ཀྱི་ངོ་བོ་མ་བརླགས་པར་གནས་ཐུབ་པ་འདི་ཆོས་དང་རིག་གནས་དང་། དེ་ལ་དད་ཞེན་དང་དགའ་ཞེན་མ་བརླགས་པ་འདི་ཁོ་ན་ལ་བརྟེན་ནས་བྱུང་ཡོད། དཔེར་ན་བོད་གཞིས་བྱེས་གཉིས་སུ་༧གོང་ས་མཆོག་གི་ཆེད་དུ་རང་སྲོག་བློས་གཏོང་བྱེད་མཁན་ཇི་སྙེད་ཅིག་བྱུང་ཡོད་ལ། མ་འོངས་པར་ཡང་དགོས་གལ་མཐོང་ན་མང་པོ་ཡོད་པ་ནི་སྨྲོས་མི་དགོས་པ་རེད། འདི་ཡང་དད་པ་དང་དགའ་ཞེན་ལ་བརྟེན་ནས་བྱུང་བ་ཞིག་ལས་བཙན་ཤེད་ཀྱིས་བྱས་པ་ཞིག་གཏན་ནས་མིན། ༧གོང་ས་མཆོག་བོད་གཞིས་བྱེས་གཉིས་ཀྱི་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟ་བུར་གྱུར་ཡོད་པ་དེ་ཡང་དད་པ་དང་དམ་ཚིག་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་རེད།
དད་པ་དང་དམ་ཚིག་ཅེས་བཤད་ཡོང་སྐབས་ཤེས་དགོས་པའི་གནད་དོན་མང་པོ་ཡོད་ལ། དང་འདོད་ཡིད་ཆེས་ཕྱིར་མི་ལྡོག་པ་བཅས་དད་པ་ལ་རྣམ་གྲངས་མང་པོ་ཡོད། རང་ཉིད་ཀྱིས་ཡིད་ཁྱེད་ཤེས་ཀྱི་དད་པ་ཡོད་སའི་བླ་མ་ཞིག་ལ་དད་པ་བྱས་ན། དབང་པོ་རབ་འབྲིང་གི་གནས་སྟངས་མི་འདྲ་ཡང་དད་པ་གང་རུང་ཞིག་གི་ཁོངས་སུ་འདུ་ངེས་ལྟ་བུ་རེད། དམ་ཚིག་ནི་བོད་མི་ཚང་མས་ཁ་ནས་བཤད་ཤེས་པ་ཙམ་ལས་དོན་དུ་དམ་ཚིག་ཅེས་པ་ཚུལ་བཞིན་ཤེས་མཁན་ཉུང་བར་སྣང་། དམ་ཚིག་ནི་གཙོ་བོ་གསང་སྔགས་ཀྱི་སྐབས་སུ་བྱུང་བའི་ཐ་སྙད་ཅིག་ཡིན་པས། དེའི་གོ་དོན་ཡང་གསང་སྔགས་ལས་བྱུང་བའི་དགོངས་འགྲེལ་ཁག་དང་བསྟུན་དགོས་པ་ཞིག་རེད། དཔེར་ན་གསང་སྔགས་ཀྱི་བཀའ་དབང་གནང་མཁན་གྱི་རྡོ་རྗེ་སློབ་དཔོན་དང་། བཀའ་དབང་ཞུ་མཁན་གྱི་རྡོ་རྗེའི་མཆེད་གྲོགས་ཀྱི་ངོས་ནས་ཀྱང་ཕན་ཚུན་ངན་སེམས་དང་ལོག་ལྟ་ཙམ་བྱུང་ནའང་སྐུའི་དམ་ཚིག་ཉམས་པ་རེད་ལ། ད་དུང་གསུང་དང་ཐུགས་སོགས་སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་དང་འགལ་ན་དམ་ཉམས་རེད།
མདོར་ན་དམ་ཉམས་ཞེས་པ་རང་ཉིད་ཀྱི་སྣང་བར་མི་འགྲོ་བ་ཙམ་མ་ཡིན་པར། བོད་པའི་སྤྱི་ཚོགས་ནང་གསང་སྔགས་ཀྱི་དབང་ཞུ་མ་མྱོང་མཁན་དཀོན་ལ། དམ་ཚིག་ཚུལ་བཞིན་སྲུང་མཁན་དེ་བས་ཀྱང་དཀོན་པས་མང་ཆེ་བ་དམ་ཉམས་ཡིན་ཞེས་བརྗོད་ཆོག དེར་བརྟེན་དང་པོ་དམ་ཚིག་གང་ཡིན་པ་དང་། དམ་ཉམས་གང་ཡིན་པ་ཤེས་ན་རང་གཞན་སུ་དམ་ཉམས་ཡིན་གཞི་ནས་ཤེས་ཐུབ། བོད་པའི་སྤྱི་ཚོགས་དེ་དད་པ་གཏན་ནས་མེད་པ་ཞིག་ཏུ་འགྱུར་སྲིད་པའི་དབང་དུ་བཏང་ན། ཆོས་དང་རིག་གནས་ཀྱང་དེ་ནས་བཟུང་ཉམས་ཆག་ཏུ་འགྲོ་ངེས་རེད། རྩ་བས་དད་པ་ཞེས་པ་དེ་ཡང་ཡུལ་གང་ཞིག་གི་སྐྱོན་ཡོན་གང་ཡང་མི་ཤེས་ཀྱང་ཡག་པོ་ཡིན་ཤག་བྱས་པ་ཙམ་ལ་མི་ཟེར་བར། གཙོ་ཆེར་བརྟག་དཔྱད་དང་ཞིབ་འཇུག་གིས་ཡིད་ཆེས་རྙེད་ནས་དད་པ་སྐྱེ་བ་ཞིག་ལ་ཟེར། ཆོས་ཕྱོགས་ནས་བཤད་ན་དད་པ་དང་། འཇིག་རྟེན་ཕྱོགས་ནས་ཡིད་ཆེས་གཉིས་ཡུལ་མི་འདྲ་བ་ཙམ་ལས་ངོ་བོའི་ཆ་ནས་གཅིག་པ་ལྟ་བུ་ཡིན་པས། བོད་པའི་སྤྱི་ཚོགས་ལ་མཚོན་ན་མེད་ཐབས་མེད་པ་ཞིག་ཏུ་གྱུར་ཡོད།།