དཔའ་བོ་ཉི་མ་བསྟན་འཛིན་གྱི་རྗེས་དྲན་རྡོ་རིང་དབུ་འབྱེད་གནང་སོང་།

ཟླ་༨ པའི་ཚེས་༣༠ ཉིན་བཞུགས་སྒར་རྡ་ས་ལྷ་རྒྱལ་རིའི་སྐོར་ལམ་དུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༣༠ ཉིན་འཕགས་བོད་ས་མཚམས་སུ་འབར་རྫས་ཀྱིས་རྐྱེན་པས་འདས་གྲོངས་སུ་གྱུར་བའི་དྭང་སློབ་རུ་ཤོག་བདུན་པའི་བརྒྱ་དཔོན་དཔའ་བོ་ཉི་མ་བསྟན་འཛིན་གྱི་རྗེས་དྲན་རྡོ་རིང་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་གནང་ཡོད་པ་རེད། 

སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་། བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་་གཙོས་འབྲེལ་ཡོད་ལས་བྱེད་ཚང་འཛོམས་བྱས་སོང་། ཐོག་མར་སྲིད་སྐྱོང་གིས་དཔའ་བོ་དམ་པ་ཉི་མ་བསྟན་འཛིན་གྱི་དྲན་རྟེན་རྡོ་རིང་དབུ་འབྱེད་གནང་བ་དང་འབྲེལ་མར་མེ་ཞལ་ཕྱེ་གནང་སྟེ་གསར་འགོད་པ་ཚོར་གསུང་དོན། ཚེ་འདས་དམ་པ་ཉི་མ་བསྟན་འཛིན་ལགས་དེ་རིང་ནས་རྩིས་པའི་ལོ་གཅིག་གི་གོང་ལ་ང་ཚོའི་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ས་སྐོར་རྒྱག་པའི་སྐབས་ས་འོག་འབར་རྫས་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད། ངས་ཤེས་པར་སྐབས་དེར་དམ་པ་ཁོང་ས་འོག་འབར་རྗས་སྟེང་གོམ་པ་བརྒྱབ་པ་དང་རོགས་པ་གཉིས་ཕར་འབུད་རྒྱག་བརྒྱབ་སྟེ་དམ་པ་ཁོང་རང་ཉིད་ཀྱི་ཚེ་སྲོག་བློས་བཏང་བ་རེད།

ཕྲན་རང་ཉིད་ཁ་སང་ལ་དྭགས་ནས་ཡོང་བ་ཡིན། དམ་པ་ཁོང་གི་བཟའ་ཟླ་དང་ནང་མི་བཅས་ཐུག་འཕྲད་བྱས་པ་ཡིན། ལ་དྭགས་ས་གནས་འཐུས་ཚོགས་ཀྱི་སྣེ་ཁྲིད་པའི་འོག་མང་ཚོགས་ནས་ཞལ་འདེབས་བསྡུ་རུབ་ཀྱིས་ལ་དྭགས་སླེ་རུ་དཔའ་བོ་དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་དྲན་རྟེན་འདྲ་སྐུ་དབུ་འབྱེད་བྱས་པ་རེད། ཉི་མ་བསྟན་འཛིན་ལགས་གཅིག་པུ་ཙམ་མིན་པར་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ཕྱི་ལོ་ ༡༩༧༡ ལོར་བྷང་ལ་ཌེ་ཤི་རྒྱལ་ཁབ་བཅིངས་གྲོལ་བཏང་བའི་སྐབས་བོད་པའི་དམག་མི་མང་པོ་ཞིག་གི་ཚེ་སྲོག་ཕྱིན་ཡོད། དེ་བཞིན་ཀར་གྷིལ་དམག་འཁྲུག་སྐབས་བོད་པའི་དམག་མི་རྣམས་ཀྱིས་རྒྱ་གར་གྱི་ཡུལ་དང་ཡུལ་མི་སྲུང་སྐྱོབ་སླད་སོ་སོའི་ཚེ་སྲོག་བློས་བཏང་བྱས་ཡོད། ཁོང་རྣམས་ཀྱི་ཆེད་ད་བར་ང་ཚོའི་དམིགས་བསལ་དྲན་རྟེན་སླད་བཞེངས་ཐུབ་མེད། དམ་པ་ཉི་མ་བསྟན་འཛིན་ལགས་ཀྱི་ཁོང་རྣམས་པ་ཚང་མའི་མཚོན་དོན་གྱི་ཆེད་དུ་འདྲ་སྐུ་བཞེངས་པ་དེ་ཉིད་དབུ་འབྱེད་བྱས་པ་རེད། ཁོང་དང་ཁོང་གི་ནང་མི་ཆང་མར་ཐུགས་གསོ་ཞུ་རྒྱུ་ཡིན

དེ་སྔ་ང་ཚོའི་དམག་སྒར་སྐོར་བཤད་ཀྱི་མེད། ད་ཆ་ཡོངས་གྲངས་ལྟ་བུ་ཆགས་ཡོད། བོད་མི་ཚོས་རྒྱ་གར་གནས་ཡུལ་རྒྱལ་ཁབ་སྲུང་སྐྱོབ་སླད་ཇི་ལྟར་བློས་གཏོང་བཏང་བཞིན་ཡོད་སྐོར་ཡོངས་གྲགས་ཡིན། དེ་དང་མཉམ་དུ་རྒྱ་གར་དང་རྒྱ་གར་གྱི་ཡུལ་མི་རྣམས་ཇི་ལྟར་བཀའ་དྲིན་ཆེན་པོ་ཡིན་པ་མཚོན་གྱི་ཡོད། ཁོང་རྣམས་ཀྱི་བདེ་སྔུག་སླད་ང་ཚོའི་སྲོག་ཀྱང་བློས་གཏོང་བྱེད་ཀྱི་ཡོད་སྐོར་ཞེས་མཚོན་གྱི་ཡོད་ཅེས་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།