དཔལ་ལྡན་སྤྱི་འཐུས་ཚོགས་གཙོས་ཉི་འོང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་དང་མཇལ་མོལ་གནང་།

ཕྱི་ཟླ་ ༧ པའི་ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཉི་འོང་གྲོས་ཚོགས་སུ་ཕེབས་ནས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་དང་མཇལ་འཕྲད་གནང་འདུག་པ་དང་། སྐབས་དེར་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ནས་དཔལ་ལྡན་ཚོགས་གཙོ་མཆོག་ཉི་འོང་དུ་ཕེབས་པར་དགའ་བསུའི་འཚམས་འདྲི་དང་སྦྲགས། ཉི་འོང་གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་ཡོད་པའི་སྐོར་དང་། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་གཏན་འཇགས་སློབ་གྲྭའི་སྐོར། དེ་བཞིན་རྒྱ་དམར་གཞུང་གིས་བོད་ནང་དྲག་གནོན་སྔར་ལྷག་ཤུགས་ཆེར་གཏོང་བཞིན་ཡོད་པའི་སྐོར་དང་། ཕྱི་ལོ་ ༢༠༢༥ ལོར་ཊོག་ཡོའི་ནང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་དགུ་པ་འཚོག་རྒྱུའི་འཆར་གཞི་ཡོད་སྐོར་སོགས་གསུངས་པ་མ་ཟད། ཉི་འོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་མི་རྣམས་ལ་དང་། མ་འོངས་གནང་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

ཚོགས་ཐོག་ཏུ་དཔལ་ལྡན་ཚོགས་གཙོ་ནས་ཉི་འོང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་དྲུང་ཆེ་གཙོས་པའི་ཚོགས་མི་རྣམ་པས་ཁོང་ལ་སྣེ་ལེན་གནང་བ་དང་། ལྷག་པར་བོད་ཀྱི་གནད་དོན་དང་། ཉི་འོང་བོད་ཀྱི་དོན་གཅོད་ཁང་ལ་རྟག་ཏུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཐོག ཉེ་ཆར་རྒྱ་དམར་གཞུང་གིས་རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་བཙན་དབང་གིས་སྒོ་རྒྱག་ཏུ་བཅུག་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་ནང་མང་གཙོའི་ལམ་ལུགས་ཇི་ལྟར་ངོ་སྤྲོད་གནང་བའི་བརྒྱུད་རིམ་སྐོར་ངོ་སྤྲོད་དང་འབྲེལ། ཕྱི་ལོ་ ༢༠༢༢ ལོར་ཉི་འོང་གྲོས་ཚོགས་ནང་རྒྱ་གཞུང་གིས་བོད་དང་། ཡུ་གུར། སོག་པོ། ཧོང་ཀོང་བཅས་ཀྱི་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་ཀྱིས་གྲོས་ཆོད་ཅིག་འཇོག་གནང་བ་དང་། འདི་ལོའི་ཇི་ནི་ཝ་དུས་བཀག་བསྐྱར་ཞིབ་ཚོགས་འདུའི་ཐོག་ཉི་འོང་གཞུང་ནས་བོད་ནང་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་ཡོད་པའི་སྐོར་གསུངས་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་ཤིང་།  ཉི་འོང་ནི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཡིན་པ་དང་། མ་འོངས་པའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༩ པ་ཊོག་ཡོའི་ནང་གོ་སྒྲིག་ཞུ་རྒྱུའི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་བ་བཅས་ལ་བསྔགས་བརྗོད་ཞུས་འདུག་ལ། དེ་མིན་ཉི་འོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོས་བོད་དོན་དང་འབྲེལ་བའི་འབོད་སྐུལ་ཁག་ཅིག་ཀྱང་ཞུས་ཡོད་འདུག 
ཉིན་དེར་དཔལ་ལྡན་ཚོགས་གཙོ་ནས་དོན་གཅོད་ཁང་ལ་གཟིགས་སྐོར་དང་། ཉི་འོང་དུ་ཡོད་པའི་བོད་མི་རྣམས་དང་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྐོར་ངོ་སྤྲོད་དང་། ལོ་རྗེས་མར་ཊོག་ཡོར་འཚོག་རྒྱུའི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐོག་ཚང་མས་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པའི་འབོད་སྐུལ་གནང་ཡོད་འདུག 

གསར་འགོད་པ་བསྟན་འཛིན་ལམ་བཟང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲྭ་བ་ནས་བཏུས།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།