དཔལ་ལྡན་སྲིད་སྐྱོང་གི་གཞུང་འབྲེལ་གཞིས་ཆགས་འཚམས་གཟིགས་ཐེངས་གཉིས་པ་ལ་དྭགས་ནས་དབུ་འཛུགས་གནང་འདུག

པར། བོད་མིའི་སྒྲིག་འཛུགས།

ཕྱི་ཟླ་༠༧ ཚེས་ ༠༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གཞུང་འབྲེལ་གཞིས་ཆགས་འཚམས་གཟིགས་ཐེངས་གཉིས་པ་ལ་དྭགས་གླེ་བྱང་གཉིས་ནས་དབུ་འཛུགས་གནང་འདུག་པ་དང་། དེ་ཡང་ཕྱི་ཚེས་༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལ་དྭགས་གླེའི་བ་ཀུ་ལ་རིན་པོ་ཆེའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ལ་སྤྱི་དང་ས་གནས་ཁྲིམས་ཞིབ་པ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་སོགས། ཚོགས་སྡེ་ཁག་གི་སྐུ་ཚབ་མི་མང་བཅས་ནས་ཕེབས་བསུ་ཞུས་ཡོད་འདུག
སྐབས་དེར་སྲིད་སྐྱོང་ནས་ལ་སྤྱི་ལས་ཁུངས་དང་། ས་གནས་ཁྲིམས་ཞིབ་ལས་ཁུངས། ས་གནས་འཕྲོད་བསྟེན་སྨན་ཁང་། ལྕོག་ལམ་སར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། མཉམ་འབྲེལ་ལས་ཁུངས། ས་གནས་རང་བདེན་ཚོགས་ཆུང་བཅས་སུ་འཚམས་གཟིགས་དང་འབྲེལ། ཚོགས་སྡེ་སོ་སོའི་ལས་སྣེ་དང་ལྷན་མཇལ་མོལ་གྱིས་གཞིས་ཆགས་སྲ་བརྟན་ཚུགས་ཐབས་དང་། གཞིས་མིའི་བདེ་སྡུག་སྙན་སེང་ཇི་ཞུས་ཁག་ལ་རྒྱུས་ལོན་གསན་བཞེས་གནང་ཡོད་འདུག དེ་བཞིན་ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་གི་འཚམས་གཟིགས་སྐབས་ལ་སྤྱི། ལ་དྭགས་ས་གནས་ཁྲིམས་ཞིབ་པ། ས་གནས་འཐུས་ཚོགས། དེ་བཞིན་ནང་སྲིད་ཟུང་དྲུང་དང་། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ལས་བཅས་ལྷན་བཅར་ཞུས་ཡོད་འདུག ཐེངས་འདིར་སྲིད་སྐྱོང་ནས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་དང་། བྱང་ཐང་གནས་སྡོད་བོད་མིའི་གཞིས་ཆགས་ཁག་ཏུ་བོད་མིའི་བདེ་དོན་དགོས་མཁོ་ཇི་ཡོད་རྟོག་ཞིབ་དང་། ས་གནས་སོ་སོར་འགྲོ་བཞིན་པའི་ལས་གཞི་ལས་འཆར་ཁག་ལ་གཟིགས་ཞིབ་གནང་རྒྱུ་མ་ཟད། ལ་དྭགས་དབུས་སྐྱོང་མངའ་སྡེའི་གནད་ཡོད་དཔོན་རིགས་སོགས་དང་མཇལ་འཕྲད་གནང་འཆར་ཡོད་འདུག་པ་དང་། ཕྱི་ཚེས་ ༠༩ ཉིན་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཉེ་ཁུལ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དགོན་སྡེ་ཁག་དང་། ལ་དྭགས་བོད་ཁྱིམ་སློབ་གྲྭ བོད་ཁྱིམ་རྒས་གསོ་ཁང་དུ་གནས་མཇལ་འཚམས་གཟིགས་གནང་འདུག་ཅིང་། གཞན་ཡང་བྱང་ཐང་ཉོ་མའི་བོད་ཁྱིམ་སློབ་གྲྭ་སོགས་ལ་མཚམས་གཟིགས་ཀྱིས་བོད་ཀྱི་མཐོ་སྒང་དང་ཁོར་ཡུག་གི་གལ་གནད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སོགས་ལ་དམ་བསྒྲགས་བྱེད་བཞིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་མུ་མཐུད་དྲག་གནོན་དང་སྟངས་འཛིན་བྱེད་བཞིན་ཡོད་ཀྱང་། བོད་མིའི་སྒྲིག་འཛུགས་ཀྱིས་གཏན་འབེབས་གནང་བའི་དབུ་མའི་ལམ་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཁ་ཡོད་ལག་ཡོད་ཀྱི་སྲིད་བྱུས་ཤིག་ཡིན་པའི་ནན་བརྗོད་གནང་བ་དང་། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེར་ཕྱོགས་གཉིས་ཀས་སྤྱིས་མོས་ཐོག་རྒྱབ་སྐྱོར་ཐོབ་ཡོད་པ་དང་འབྲེལ། དེའི་གལ་གནད་ཀྱི་སྐོར་སོགས་འགྲེལ་བརྗོད་གནང་རྗེས་སློབ་ཕྲུག་རྣམས་ཀྱིས་དོགས་དྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་སོགས་གནང་ཡོད་འདུག གོང་གསལ་གནས་ཚུལ་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་ནས་བཏུས། 

གསར་འགོད་པ། བསྟན་འཛིན་ལམ་བཟང་།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།