དཔེ་སྟོན་སློབ་གྲྭས་དཔེ་བསྟན་སོང།
ཉེ་བའི་ཆར་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་གི་དུས་དབང་ཐེངས་༣༣ པའི་སྐབས་སུ་སློབ་གྲྭ་དེའི་སློབ་ཕྲུག་རྣམས་ཆོས་ཞུར་བསྐྱོད་ཐུབ་པའི་ཆེད་དུ་ཞལ་འདེབས་བསྡུ་སློང་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། དངུལ་ལྷག་གིས་སྐབས་གཉིས་པའི་བོད་ཀྱི་ཐ་སྙད་གསར་པ་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་བྱས་པ་དང།
བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༥༡༦ ཕྱི་ལོ་ ༢༠༡༤/༡༡/༡༢
ཉེ་བའི་ཆར་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་གི་དུས་དབང་ཐེངས་༣༣ པའི་སྐབས་སུ་སློབ་གྲྭ་དེའི་སློབ་ཕྲུག་རྣམས་ཆོས་ཞུར་བསྐྱོད་ཐུབ་པའི་ཆེད་དུ་ཞལ་འདེབས་བསྡུ་སློང་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། དངུལ་ལྷག་གིས་སྐབས་གཉིས་པའི་བོད་ཀྱི་ཐ་སྙད་གསར་པ་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་བྱས་པ་དང། འགྲན་བསྡུར་འདིའི་ནང་རྒྱ་གར་བྱང་ཕྱོགས་དྷ་རམ་ས་ལ་དང་མི་རིང་བའི་ཉེ་འཁོར་ནས་མཐོ་སློབ་དང། སློབ་གྲྭ། གྲྭ་ཚང། བཙུན་དགོན་སོགས་ཤེས་ཡོན་གྱི་ཚོགས་སྡེ་ཁག་༡༦ ནས་འགྲན་ཞུགས་པ་མི་གྲངས་༨༠ ཡིས་འགྲན་བསྡུར་བྱས་པའི་ཁྲོད། དཔེ་སྟོན་སློབ་གྲྭ་ཨང་དང་པོ་དང། སྨན་རྩིས་ཁང་མཐོ་སློབ་ཨང་གཉིས་པ། ས་རཱ་མཐོ་སློབ་ཨང་གསུམ་པ། སྤོན་ཊ་སམ་བྷོ་ཊ་གཏན་སློབ་ཨང་བཞི་པ་ཆགས་འདུག འགྲན་བསྡུར་འདི་ཉིད་བརྗོད་གཞི་ཤེས་ཡོན་གྱི་གཏིང་ཟབ་ས་ཞིག་མིན་ནའང། ཛ་དྲག་དཀའ་ངལ་ཅན་གྱི་མི་རིགས་ཤིག་ལ་མཚོན་ན་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པས། ད་ལན་དཔེ་སྟོན་སློབ་གྲྭར་རྒྱལ་ཁབ་ཐོབ་པ་ནི་མིག་དཔེ་ཡག་པོ་ཞིག་བསྟན་པ་རེད།
ལྷག་པར་བཙན་བྱོལ་ནང་དུ་འཚར་ལོང་བྱུང་བའི་མི་རབས་གསར་པ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ཤེས་ཚད་ཐོག་ནས་ཅུང་ཙམ་སྐྱོ་པོ་ཡིན་པའི་གནས་བབས་དེ་ང་ཚོའི་མིག་མདུན་གྱི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང། དེ་ལ་དམིགས་ནས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕུགས་རྒྱང་རིང་པོའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་འདི་ཉིད་གཏན་འབེབས་ཡོང་བར་འབད་བརྩོན་གནང་བ་དང། སྲིད་བྱུས་དེ་ལག་བསྟར་བྱས་ནས་ལོ་འདིར་འཛིན་གྲྭ་བཅུ་པ་སློབ་ཐོན་བྱུང་ཟིན་པ་རེད། སྲིད་བྱུས་འདིའི་དམིགས་ཡུལ་གཙོ་བོ་ཤེས་ཡོན་དང་གོམས་གཤིས་གང་ཐད་ནས་བོད་པ་དག་མ་ཞིག་དང། བོད་ཀྱི་སྐད་ཡིག་རིག་གནས་ཤེས་པ་ཙམ་དུ་མ་ཟད་མི་རིགས་གཞན་གྱི་སྐད་ཡིག་རིག་གནས་ཀྱང་ཤེས་པ། ལྷག་པར་དུ་བློ་སྟོབས་དང་སྤོབས་པ་ཅན་གྱི་མི་རབས་གསར་པ་ཞིག་གསོ་སྐྱོང་བྱ་རྒྱུ་བཅས་ཕུགས་རྒྱང་རིང་པོའི་སྲིད་བྱུས་གལ་གནད་ཅན་ཞིག་དང། འཆར་འགོད་གཏིང་ཟབ་ལྡན་པའི་ལམ་ཆེན་ཞིག་ཏུ་འགྱུར་བར་རེ་བ་བརྒྱབ་ཡོད།
འོན་ཀྱང་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་མཛོ་མོ་གསོས་ནས་འོ་མ་འཐུང་བའི་ཕུགས་རྒྱང་རིང་པོའི་འཆར་གཞི་དེ་དཀོན་པོ་ཡིན་པ་དང། མཛོ་མོ་བཤས་ནས་ཤ་ཟ་རྒྱུའི་དུས་ཐུང་གི་བསམ་བློ་འཛིན་མཁན་དེ་ཧ་ཅང་མང་པོར་གྱུར་ཡོད། དེ་ལྟ་བུའི་གནས་སྐབས་སུ་སྲིད་བྱུས་འདི་ལྟ་བུ་ཞིག་ལག་བསྟར་དོན་འཁྱོལ་ཡོང་བར་དཀའ་ལས་མང་པོ་ཡོད་ལ། སྐྱོན་བརྗོད་དང་སེམས་འཚབ་བྱེད་མཁན་གཞུང་སྒེར་གྱི་མི་སྣ་གང་མང་བྱུང་ཡོད། ཤེས་ཡོན་གྱི་སྡེ་ཚན་ཆེ་ཁག་ནས་སྲིད་བྱུས་འདི་ལག་བསྟར་བྱ་རྒྱུར་འགལ་རྐྱེན་སྤྲད་པའང་ཧ་ཅང་མང་པོར་གྱུར་ཡོད་ཀྱང། འདི་ལྟ་བུའི་སྲིད་བྱུས་ཤིག་འཛིན་མ་ཐུབ་ན་བཙན་བྱོལ་བོད་མི་རྣམས་རྒྱ་གར་གྱི་ས་གནས་སོ་སོ་ནས་ཁྲག་རྒྱུན་བོད་པ་ཡིན་པ་ཙམ་ལས། བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་པའི་རྒྱ་གར་ཁམས་པ་ལྟ་བུ་འབའ་ཞིག་ཏུ་འགྱུར་རྒྱུ་དང། ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཏུ་ད་ལྟ་ནས་ན་གཞོན་ཕལ་མོ་ཆེར་བོད་པའི་དྲི་མ་ཙམ་ཡང་མེད་པར་གྱུར་ཟིན་པ་རེད།
དཔེ་སྟོན་སློབ་གྲྭ་གསར་འཛུགས་བྱས་ནས་ད་བར་སྤྱི་ཚོགས་ནང་སློབ་ཕྲུག་ཚོས་བོད་ཡིག་འབྲི་སྟངས་དང་བོད་སྐད་བཤད་སྟངས། རང་ཉིད་ཀྱི་གདེང་སྤོབས་སོགས་གང་ཐད་ནས་གཞན་ལས་ཁྱད་དུ་འཕགས་པ་ཞིག་བྱུང་ཡོད་ལ། ད་ལྟའི་ཆར་དཔེ་སྟོན་སློབ་གྲྭའི་ནང་དུ་འཚང་ཁ་རྒྱག་མཁན་ཡང་མང་པོ་ཡོང་གི་ཡོད། མ་འོངས་པར་ཤེས་ཡོན་སྲིད་བྱུས་ལག་བསྟར་གྱི་གནས་བབས་ཐོག་ནས་ཚད་ག་འདྲ་ཞིག་ཏུ་སླེབས་སྲིད་མིན་གྱི་ཐོག་ལ་དོགས་པ་དང་ཐེ་ཚོམ་གྱི་ཐོག་ནས་ལབ་གླེང་མང་པོ་ཞིག་སྤྱི་ཚོགས་ནང་བྱུང་ཡོད་པ་དང། རེ་ཟུང་གིས་ཆེད་དུ་འགོ་ཁྲིད་མཁན་གྱི་གང་ཟག་གང་ཡང་རུང་བ་ཞིག་ལ་དམིགས་ནས་བཤད་པ་ཙམ་ལས། མི་རིགས་དང་སྐད་ཡིག་གི་སེམས་ཁུར་ཐོག་ནས་བཤད་པ་ཞིག་མིན་ལ། ཁག་ཅིག་གིས་དོགས་པ་ཙམ་ལས་གནས་སྟངས་གང་ཡང་མ་ཤེས་པའི་ཐོག་ནས་གླེང་བའང་ཡོད། ཁག་ཅིག་གིས་ཆེ་ས་ནས་རང་གི་མི་རིགས་དང་སྐད་ཡིག་གི་ཆེད་དང། ཆུང་ས་ནས་རང་གི་བུ་ཕྲུག་གི་མདུན་ལམ་དང་འབྲེལ་བའི་ཐོག་ནས་གླེང་མཁན་ཡང་ཡོང་གི་ཡོད།
མདོར་ན་ད་ལྟའི་བཀའ་ཤག་གིས་གཞི་རིམ་ཤེས་ཡོན་གྱི་སྲིད་བྱུས་ལག་བསྟར་བྱ་རྒྱུ་ཡིན་པ་དེ་གྲོས་ཚོགས་དང་སྤྱི་ཚོགས་ནང་གསལ་སྟོན་གནང་ཡོད་ཀྱང། གོང་དུ་བརྗོད་པ་བཞིན་ལག་བསྟར་བྱེད་སྟངས་དངོས་ཀྱི་ཐོག་ཐེ་ཚོམ་ཟ་དགོས་པའང་བྱུང་ཡོད། ད་ལྟའི་ཆར་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཚོགས་ཆུང་ཁག་གཉིས་ཡོད་པའི་སྙན་ཐོ་སླེབས་སྐབས་ཁ་གསལ་པོ་ཆགས་ངེས་རེད། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གལ་གནད་གཙོ་བོ་དེ་ཕྱི་ལ་དྲིལ་བསྒྲགས་བྱ་རྒྱུ་ཁོ་ན་མ་ཡིན་པར། བོད་ཀྱི་སྐད་ཡིག་རིག་གནས་རྒྱུན་འཛིན་བྱ་རྒྱུ་དེ་ཡང་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ལ་འཚར་བཞིན་པའི་མི་རབས་གསར་པ་དེ་བོད་ཀྱི་སྐད་ཡིག་དང། ཕྱིའི་སྐད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་ཙམ་མ་ཡིན་པར་སྤོབས་པ་དང། སེམས་ཤུགས། གདེང་ཚོད་བཅས་ཡོད་པའི་མི་རབས་ཤིག་སྐྱེད་སྲིད་བྱེད་མ་ཐུབ་ན། སྐད་ཡིག་རིག་གནས་ཡག་པོ་ཤེས་ཀྱང་སྐད་སྒྱུར་དང། དྲུང་ཡིག་ཙམ་ལས་འགོ་ཁྲིད་ཀྱི་འཇོན་ཐང་མེད་པའི་མི་རབས་གསར་པ་ཞིག་ཏུ་འགྱུར་ངེས་རེད།།