དབུ་མ་འཇུག་པ་དང་དེའི་རང་འགྲེལ་གྱི་བཀའ་ཆོས།

ཟླ་འདིའི་ཚེས་༡༥ ནས་ཉིན་གཉིས་ཀྱི་རིང་༸གོང་ས་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་རང་འགྲེལ་གྱི་ཐོག་ནས་བཀའ་ཆོས་བཀའ་དྲིན་འགོ་འཛུགས་གནང་སོང་།

སྐབས་དེར་༸གོང་ས་མཆོག་གིས་འདི་གར་ཡོད་པའི་ཆོས་གྲོགས་ཚོ་ལ་ཆ་བཞག་ན་ཡང་། གང་ལྟར་ནྰ་ལནྡ་ཆོས་བརྒྱུད་འཛིན་མཁན་ཞིག་ཆགས་སྡོད་ཡོད་རེད། ང་རང་ཚོ་ཚང་མ་དུས་ཚོད་གཉན་འཕྲང་དེ་འདྲ་ཞིག་སྐབས་སུ། སྟོན་པའི་ཆོས་ལུགས་ཟབ་ཅིང་རྒྱ་ཆེ་བ། དེ་འདྲ་ཞིག་སློབ་སྦྱོང་བྱེད་རྒྱུ་ཡོད་པ། སློབ་སྦྱོང་བྱེད་རྒྱུ་ཡོད་པ་ནང་བཞིན་བསམ་བློ་གཏོང་རྒྱུ་ཡོད་པ། བསམ་བློ་བཏང་བ་ནང་བཞིན་རིམ་པས་སེམས་ལ་མྱོང་བ་སྐྱེ་རྒྱུ་ཡོད་པ་མངོན་སུམ་ཚད་གྲུབ་རེད། ང་རང་ཚོ་དུས་ཚོད་ཧ་ཅང་སྙིགས་མ་ལྔ་བདོ་ཡི་དུས་ཚོད་འདྲ་ཞིག་རེད་དེ། ང་རང་ཚོ་སྒེར་གྱི་ངོས་ནས་ཆ་བཞག་ན། དེ་རིང་ལས་སྐལ་བ་བཟང་བ་ཞིག་མ་བྱུང་བ་འདྲ་ཞིག་རེད་ཅེས་དང་

དེ་བཞིན་༸གོང་ས་མཆོག་གིས་ང་རང་གི་ཆེ་བ་སྒྲོག་པ་མིན་ཏེ། སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་ཕལ་ཆེར་རྩོལ་མེད་ཀྱི་མྱོང་བ་གང་ཤེས། རྩོལ་བྱའི་མྱོང་བ་ཞིག་ཏན་ཏན་སྐྱེས་བསྡད་ཡོད་རེད། དེ་ཡིས་སེམས་ལ་ཕན་གྱི་འདུག གང་ལྟར་ཟབ་པ་དང་རྒྱ་ཆེ་བའི་ལམ་ལ་བསམ་བློ་བཏང་ནས་སེམས་ལ་འགུལ་བསྐྱོད་ཐེབས་ཡོང་དུས། སེམས་རང་བཞིན་གྱིས་ལྷོད་ལྷོད་ཆགས་ནས། གཉིད་སྐྱིད་པ་དང་གཟུགས་པོ་བདེ་བ། ཉིན་རེ་ཉིན་རེ་མི་ཚེ་ཞི་ལྷོད་བག་ཕེབས་ཡོང་ཐུབ་ཀྱི་འདུག་ཅེས་བཀའ་སྩལ་གནང་སོང་།

གཞན་ཡང་༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་གཉན་འཕྲང་བའི་དུས་སུ། ང་རང་ཚོ་བོད་གངས་ཅན་པའི་རྒྱལ་བླུན་བྱང་ཆུབ་སེམས་དཔའ་དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་དཔལ་ནྰ་ལནྡ་ཆོས་བརྒྱུད་ནང་བཞིན་སྤུས་དག་པོ་ཞིག་བཙུགས་གནང་ཡོད། ང་ཚོ་ལ་ཆ་བཞག་ན་ཆུང་ཆུང་སྐབས་ནས་སློབ་སྦྱོང་བྱས་ནས་ཡོང་བསྡད་པ་རེད། དེ་འདྲ་ཡིན་དུས། བོད་གངས་ཅན་པའི་ལྗོངས་ལ་ཡོད་པའི་རྒྱལ་བའི་ལུང་རྟོགས་ཀྱི་བརྟན་པ་སྤུས་དག་པོ་ཞིག་ཡོད་བསྡད་པ་དེ། དུས་ད་ལྟ་ཡིན་ན་ཡང་། རྒྱ་མི་རིགས་ཀྱི་ནང་གུང་ཁྲན་གྱི་ལྟ་བ་བསམ་བློ་གུ་དོག་ཅན་ཚོས་བོད་གངས་ཅན་པའི་ལྗོངས་ལ་ཡོད་པའི་སངས་རྒྱས་པའི་ཆོས་མེད་པ་བཟོ་ཐབས་རིམ་པ་བྱས་ཀྱང་། རྩ་བ་ཉིད་ནས་འགུལ་བསྐྱོད་ཐེབས་ཀྱི་ཡོད་མ་རེད། བོད་མི་མང་གི་ལྷག་བསམ་དང་སྙིང་སྟོབས་དངོས་གནས་དྲང་གནས་རི་བཙུགས་པ་ནང་བཞིན་རེད་ཤག་ཅེས་དང་།

ད་ལྟ་ང་རང་ཚོ་སྲིད་པའི་འཁོར་བ་ལ་གནས་པའི་རིང་ཡིན་ན་ཡང་། སེམས་པ་བཟང་པོ་དེ་ཡོད་ན།མི་ཚེ་སྐྱིད་བ་ཡོང་གི་རེད། སྤྱི་ཚོགས་སྐྱིད་པ་ཡོང་གི་ཡོད་རེད། དེར་བརྟེན། བརྩེ་བ་ནི་ཧ་ཅང་གལ་ཆེན་པོ་དང་དགོས་མཁོ་ཆེན་པོ་རེད། ང་ཚོ་མི་ཚང་མ་སྐྱེས་པའི་དུས་སུ། ཨ་མའི་བརྩེ་བའི་འོག་ནས་འཚོ་བ་རེད། དེ་ནས་རིམ་པས་བརྩེ་བ་དེ་མུ་མཐུད་ནས་གལ་ཆེན་པོ་རེད་ཤག དེ་རིང་ཁ་སང་གི་དུས་སུ་སློབ་སྦྱོང་གི་ནང་དུ་བརྩེ་བ་དེ་གལ་ཆེན་པོ་ཡིན་པའི་སློབ་སྦྱོང་དམིགས་བསལ་ཅིག་མི་འདུག དེ་ང་ཚོས་འབད་བརྩོན་ཞིག་བྱེད་དགོས་དྲན་གྱི་འདུག  ཐོག་མ་ཨ་མའི་མངལ་ནང་ཡོད་པའི་སྐབས་སུ་ཡང་། ཨ་མའི་སེམས་ལྷོད་ལྷོད་ཡོད་ན། ཕྲུ་གུ་དེ་སྐྱིད་པ་ཞིག་ཡོང་རྒྱུ་དེ་གསལ་བོ་རེད། མ་ཡི་མངལ་ནས་བཙས་རྗེས་ཨ་མའི་བརྩེ་བ་ནི་ནམ་ཡང་མེད་ཐབས་མེད་པ་ཞིག་ཡིན། མི་གཅིག་པུ་མ་རེད། དུད་འགྲོ་སེམས་ཅན་ལ་ཆ་བཞག་ན། མ་ཡི་བརྩེ་བས་སྐྱོང་གི་ཡོད།མི་རྣམས་མི་ཚེ་དང་པོ་འགོ་འཛུགས་པའི་སྐབས་སུ་སེམས་པ་བཟང་པོ་དང་བརྩེ་བས་འགོ་བཙུགས་པ་རེད། དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་ནང་ལ་ཞུགས་ནས་སློབ་གྲྭ་ལ་ཕྱིན་པའི་སྐབས་སུ། རིམ་པས་སེམས་བཟང་པོ་གལ་ཆེན་པོ་ཡིན་སྐོར་ལ་དམིགས་བསལ་གྱི་སློབ་སྦྱོང་དང་ངོ་སྤྲོད་བྱེད་ཀྱི་མེད་དུས། སློབ་གྲྭ་ནས་འཛིན་གྲྭ་ལྔ་པ་དང་དྲུག་པར་རིམ་བཞིན་བསླེབ་སྐབས། ཕྱི་དངོས་པོ་རྐྱང་རྐྱང་མ་གཏོགས་སེམས་ཀྱི་ཞི་བདེ་དང་སྙིང་རྗེ་རྩ་བ་ཡིན་པའི་སྐོར་ལ་སློབ་སྦྱོང་སྤྲོད་ཀྱི་མེད་པས་སློབ་སྦྱོང་དེ་སྤྲད་དགོས་ཀྱི་འདུག རྒྱ་གར་གྱི་ལོ་སྟོང་ཕྲག་སྔོན་གྱི་ཀྰ་རུ་ཎ་(Karuna) དང་དེང་དུས་ཀྱི་དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་ཟུང་དུ་སྦྲེལ་དགོས་ཀྱི་འདུག གནའ་རབས་ནས་ཡོད་པའི་ཨ་ཧིམ་ས་(Ahimsa) ཟེར་བ་དང་ཀཱ་རུ་ཎ་གཉིས་ཡོད་པ་ལས་ཀཱ་རུ་ཎ་ངེས་པར་དུ་སློབ་སྦྱོང་ནང་དུ་སླེབས་པ་ཞིག་དང་། སློབ་ཕྲུག་ཚོར་སོ་སོར་སེམས་ཀྱི་ཞི་བདེ་ཡོང་བའི་རྩ་བ་རེད་ཅེས་ངོ་སྤྲོད་བྱེད་ཐུབ་པ་ཞིག་གལ་ཆེན་པོ་རེད། ངོས་ཀྱི་འདི་ལྟར་དྲན་གྱི་འདུག རྒྱ་གར་གྱི་གནའ་རབས་ནས་ཨ་ཧིམ་ས་དང་ཀཱ་རུ་ཎ་གཉིས་བཤད་ཀྱི་ཡོད། དེང་རབས་ཀྱི་དུས་ཚོད་འདིར་མ་ཧ་གྷན་དྷེ་ཡིས་འཚེ་མེད་ཞི་བའི་སྐོར་ལ་ལག་ལེན་དང་གསལ་བཤད་བྱས་ཏེ་འཛམ་གླིང་འདིར་གྷན་དྷའི་ལྟ་སྤྱོད་འཚེ་བ་མེད་པ་ཡིས་ལམ་སྟོན་ཡག་པོ་ཞིག་གནང་འདུག་བ། ཀཱ་རུ་ཎ་ཡི་སྐོར་ལ་ཤུགས་རྒྱག་རྒྱུ་ལྷོད་ཡངས་ཕྱིན་འདུག་བསམ་གྱི་འདུག རྒྱ་གར་ལ་མཚོན་ན་དེང་དུས་ཀྱི་ཤེས་ཡོན་ཡག་པོ་ཡོད་པ་རེད། སློབ་གྲྭ་རུ་དེང་དུས་ཀྱི་ཤེས་ཡོན་ནང་དུ་དམིགས་བསལ་ཆོས་དང་མ་འབྲེལ་བའི་ཐོག་ནས་བྱམས་སྙིང་རྗེའི་སློབ་སྦྱོང་སྤྲོད་རྒྱུར་བསམ་བློ་གཏོང་དགོས་པ་དྲན་གྱི་འདུག གྷན་དྷེ་ཡིས་འཚེ་མེད་ཞི་བ་ལག་ལེན་བསྟར་ནས་འཛམ་གླིང་འདིར་གང་ལ་གང་འཚམ་སྲོལ་བཏོད་ཡོད་པ་རེད། ཀཱ་རུ་ཎ་ལ་དེ་ལྟ་བུའི་ཤུགས་སླེབས་མེད། སྙིང་རྗེ་ཟེར་དུས་ཆོས་ཀྱི་སྐད་ཆ་ཡིན་པ་ལྟ་བུར་གོ་གི་འདུག དེ་མ་རེད། ཆོས་ཡོད་ཀྱང་མེད་ཀྱང་སེམས་སྐྱིད་པ་ཞིག་སུ་ལ་ཡིན་ནའང་དགོས་ཀྱི་ཡོད། སེམས་མ་སྐྱིད་པ་ནི་ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་གིས་བཟོ་བཞིན་ཡོད། ཁོང་ཁྲོ་དང་ང་རྒྱལ། ཕྲག་དོག་ཤུགས་ཆུང་དུ་ཕྱིན་ནས་སེམས་རང་བཞིན་གྱིས་ལྷོད་ལྷོད་བཟོ་མཁན་ནི་བརྩེ་བ་རེད། འདི་ནི་ཆོས་ཀྱི་སྐད་ཆ་མ་རེད། གང་ལྟར་ང་ཚོའི་མི་ཚེར་སེམས་ལ་ཞི་བདེ་ཡོང་བ་དང་། དེའི་ཐོག་ནས་གཟུགས་པོ་བདེ་ཐང་། སྤྱི་ཚོགས་ལ་རྙོག་དྲ་ཏོག་ཙམ་བྱུང་ཡང་དེ་ཆུང་ཚགས་ལ་ཆ་འཇོག་པ་དང་། མིའི་བརྩེ་བའི་འཚོ་བའི་འོག་ནས་དཀའ་ངལ་ཕྲན་བུ་ལ་འཕྲད་ཀྱང་སྐད་ཆ་བཤད་ནས་དཀའ་ངལ་སེལ་ཐུབ་པ་ཞིག་དགོས། དཀའ་ངལ་ཏོག་ཙམ་འཕྲད་སྐབས་ང་དང་ཁྱོད་ཅེས་གོ་མཚོན་བེད་སྤྱོད་བྱེད་པ་དང་། གོ་མཚོན་བཟོས་ཏེ་དུས་རབས་མང་པོ་ཕྱིན་པ་རེད། ད་ཆ་དངོས་གནས་འཛམ་གླིང་ཞི་བདེ་དང་། བྱམས་བརྩེ་ལྡན་པའི་འཛམ་བུ་གླིང་ཞིག་བཟོ་ཐུབ་ན་གོ་མཚོན་ཁྱོན་ནས་མི་དགོས་པ་རེད། དངོས་གནས་ཞི་བདེའི་འཛམ་གླིང་ཞིག་བཟོ་ཐུབ་ཀྱི་རེད། དེ་ཆོས་ཀྱི་སྐད་ཆ་མ་ཡིན་པར་སློབ་སྦྱོང་གི་ཐོག་ནས་ཡར་ཁྲིད་དགོས། ངོས་ལ་འདི་ལྟ་བུའི་བསམ་བློ་ཞིག་ཡོད་ལ་གྲོགས་པོ་ཚོར་འདི་ལྟར་བཤད་བཞིན་ཡོད་ཅེས་ལམ་སྟོན་བཀའ་སློབ་བསྩལ་སོང་།

དབུ་མ་འཇུག་པའི་བཀའ་ཆོས་འདི་ནི་ཆེད་དུ་བྱ་བའི་གདུལ་བྱ་ལྷོ་ཤར་ཨེ་ཤེ་ཡའི་ཝི་ཋེ་ནམ་དང་སིང་གྷ་པུར། ཐེ་ལན་ཌི་སོགས་ཀྱི་ཆོས་ཞུ་བ་དྲུག་བརྒྱ་ལྷག་ཡོད་པར་དམིགས་པ་ཡིན་ནའང་། ལྷོ་ཨ་མི་རི་ཀའི་སྦི་རཱ་ཛིལ་དང་ཨར་ལྗན་ཌི་ནཱ་སོགས་དང་། དཀྱིལ་ཤར་ཡུལ་གྲུ་ཁག ཡོ་རོབ་དང་ཨུ་རུ་སུའི་མངའ་ཁོངས་ཀྱི་རྒྱལ་ཕྲན་ཁག ཨོ་གླིང་དང་བྱང་ཨ་མི་རི་ཀ རྒྱ་གར་དང་རྒྱ་ནག་སོགས་ནས་ཀྱང་ཆོས་ཞུ་བ་བསྡོམས་པས་ལྔ་སྟོང་བརྒྱད་བརྒྱ་ལྷག་བཅར་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།