དབུ་མ་རྩ་བ་ཤེས་རབ་ཀྱི་བཀའ་ཆོས་དབུ་འཛུགས་གནང་སོང་།
ཟླ་འདིའི་ཚེས་༢༥ ནས་ཉིན་གྲངས་གཉིས་ཀྱི་རིང་༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟ་གསོལ་བ་བཏབ་པ་ལྟར། བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་དབུ་འཛུགས་མཛད་སོང་།
ཟླ་འདིའི་ཚེས་༢༥ ནས་ཉིན་གྲངས་གཉིས་ཀྱི་རིང་༸གོང་ས་མཆོག་གིས་ལྷོ་ཀོ་རི་ཡའི་ནང་པའི་རྗེས་འཇུག་པ་ཚོས་ཇི་ལྟ་གསོལ་བ་བཏབ་པ་ལྟར། བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་གསུང་ཆོས་དབུ་འཛུགས་མཛད་སོང་།
སྐབས་དེར་༧གོང་ས་མཆོག་གིས་ཆོས་ལུགས་མཐུན་སྒྲིལ་དགོས་པའི་ཐོག་བཀའ་སློབ་གནང་དོན། ག་རེ་གལ་ཆེན་མོ་འདུག་ཟེར་ན། དེ་རིང་ཁ་སང་ཆབ་སྲིད་ཀྱི་འཐེན་འཁྱེར་ཡོད་པ་ཙམ་དུ་མ་ཟད། ཆོས་ལུགས་ཀྱི་ཐོག་ནས་འཐེན་འཁྱེར་བྱས་པ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། དཔེར་ན། ཨབ་གྷ་ནི་སི་ཐན་གྱི་ནང་ཆོས་ལུགས་ཀྱི་འཐེན་འཁྱེར་བྱེད་བསྡད་པ་དེ་ཧ་ཅང་བློ་ཕམ་པོ་རེད་ཤག ཆོས་ལུགས་ཚང་མའི་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ། མི་ལ་ཕན་སེམས་སྒྲུབ་རྒྱུ་དང་སྤྱི་ལ་ཞབས་འདེགས་སྒྲུབ་རྒྱུ་ཆོས་ལུགས་ཚང་མས་གསུང་ཀྱི་འདུག་བ། བྱས་ཙང་། ང་རང་ཚོས་ཆོས་ལུགས་ཚང་མ་མཐུན་པོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་མོ་རེད། དཔེར་བཞག་ན། ངོས་ནང་པ་རེད་དེ། ཁ་ཆེའི་ཆོས་ཁང་ནང་འགྲོ་བསྡད་ཀྱི་ཡོད། ཡེ་ཤུའི་ཆོས་ཁང་ནང་འགྲོ་བསྡད་ཀྱི་ཡོད། ཧིན་དུའི་ཆོས་ཁང་ནང་ལ་འགྲོ་བསྡད་ཀྱི་ཡོད། དེ་བཞིན་ཆོས་ལུགས་འདྲ་མིན་ཚང་མ་ལ་ངོས་ཀྱིས་གུས་ཞབས་བྱེད་ཀྱི་ཡོད། ཆོས་ལུགས་ཚང་མ་ལ་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ། བསླབ་བྱ་གཅིག་འགྱུར་གྱིས་སེམས་པ་བཟང་པོ་བྱེད་དགོས་རྒྱུ་དང་སྤྱི་ལ་ཕན་སེམས་བྱེད་དགོས་རྒྱུ་ཚང་མས་གསུང་གི་འདུག བྱས་ཙང་། ཆོས་ལུགས་མཐུན་པོ་དགོས་རྒྱུ་དེ་དཔེ་གལ་ཆེན་མོ་རེད་ཤག་ཅེས་བཀའ་སློབ་བསྩལ་སོང་།
དེ་བཞིན་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཐོག་༧གོང་ས་མཆོག་གིས་འཛམ་བུ་གླིང་འདིའི་སྒང་ལ་མི་ཐེ་འབུམ་ཁ་ཤས་ཡོད་རེད། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་པ་རེད། ཡིན་ན་ཡང་། སེམས་ཀྱི་བདེ་སྡུག་དེ་ཆོས་ཕྱོགས་ཀྱི་བསམ་བློ་ཡོད་མཁན་ཚོས་ག་རེ་བྱས་ཀྱང་། བསམ་བློ་གཏོང་སྟངས་དེ་རྒྱ་ཆེ་བ་དང་ཟབ་པ་ཞིག་འདུག འཛམ་བུ་གླིང་འདིའི་སྒང་ལ་མི་ཐེ་འབུམ་ཁ་ཤས་ཤིག་ཡོད་པ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་མཁན་གཅིག་མཚུངས་རེད་དེ། བསམ་བློ་གཏོང་སྟངས་ཀྱི་ཆ་ནས་དཀའ་ངལ་འཕྲད་པའི་སྐབས་སུ་སྐད་ཅོར་ལུང་པ་གང་བརྒྱབ་ནས། ཁོང་ཁྲོ་ལངས་པའི་བཟོ་འདྲ། སྡུག་ས་ནས་གསོད་རེས་གཏོང་བ་སོགས་ཡོང་བསྡད་ཀྱི་ཡོད་་རེད། དེ་དག་སེམས་མ་དུལ་བའི་དབང་གིས་དཀའ་ངལ་འཕྲད་ཀྱི་ཡོད་རེད། དེ་རིང་ཁ་སང་ཞི་བདེ་དང་ཞི་བདེ་ཟེར་ནས་ཁ་ནས་བཤད་ཀྱི་ཡོད་རེད། ཞི་བདེ་དཀྲུག་མཁན་དེ་ཆགས་སྡང་གི་བློ་ཆགས་ཀྱི་ཡོད་རེད། བྱས་ཙང་། ཆགས་སྡང་གི་བློའི་གཉེན་པོ་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་ཆགས་སྡང་གི་བློ་ཉུང་དུ་བཏང་ནས། འཛམ་གླི་ཞི་བདེ་ཟེར་བ་དེ་མཐར་གཏུགས་ན་སེམས་རྒྱུད་དུལ་དགོས་པའི་སྒང་བསླེབས་ཡོང་གི་འདུག བྱས་ཙང་ང་རང་ཚོ་ནང་པ་ཡིན་མིན་དང་ཆོས་དད་ཡོད་མེད་ལ་མ་ལྟོས་པ་ཚང་མས་སེམས་པ་བཟང་པོ་བྱོས་ཞེས་བཀའ་སློབ་བསྩལ་གནང་སོང་།
གསར་འགོད་པ། བློ་བཟང་རྒྱ་མཚོ།