དབུས་གཙང་ལོ་རྒྱུས་ཆེན་མོ་དབུ་འབྱེད་གནང་སོང་།

ལོ་ངོ་ལྔ་ཡི་རིང་ཞིབ་འཇུག་དང་རྩོམ་སྒྲིག་བྱས་པའི་དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་པོད་གསུམ་དབུ་འབྱེད་གནང་སོང་བ་དང་། དེ་དག་ནི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་སྐད་རིགས་འདྲ་མིན་དང་དུས་ཚོད་འདྲ་མིན། ས་གནས་འདྲ་མིན་སོགས་ལ་གཞི་བཅོལ་ནས་རྩོམ་སྒྲིག་བྱས་པའི་དབུས་གཙང་སྤྱི་ཚོགས་ཀྱི་ལོ་རྒྱུས་ཡིན་འདུག

ཟླ་༣ པའི་ཚེས་༣ ཉིན་རྡ་ས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག དབུས་གཙང་ལོ་རྒྱུས་ཆེན་མོའི་དེབ་པོད་གསུམ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་འཚོགས་སོང་བ་དང་། དེ་གར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་༧ཟམ་གདོང་རིན་པོ་ཆེེས་གཙོས་པའི་སྐུ་མགྲོན་དང་དོ་སྣང་ཅན་མང་པོ་ཞིག་ཕེབས་འདུག

དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བྱམས་པ་ཆོས་འཕེལ་གྱིས། དབུས་གཙང་ལོ་རྒྱུས་ཆེན་མོ་པར་སྐྲུན་ཐུབ་པ་དེ་ནི་༧གོང་ས་མཆོག་གི་བཀའ་སློབ་དང་། དགའ་ལྡན་ཕོ་བྲང་གི་མཐུན་སྦྱོར་། དེ་བཞིན་རྩོམ་སྒྲིག་པ་དང་ཞུ་དག་པ་ཚོའི་ངལ་བ་ཁྱད་གསོད་ཀྱིས་དཀའ་ལས་བརྒྱབ་པ། དེ་བཞིན་དགའ་ལྡན་ཕོ་བྲང་ནས་དེབ་འདི་དག་གི་པར་སྐྲུན་བདག་དབང་དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནང་བ། པར་སྐྲུན་གྱི་སྦྱིན་བདག་སྨན་པ་བློ་བཟང་དང་སྐལ་བཟང་དོན་ལྡན་སོགས་ལ་བརྟེན་ནས་བྱུང་བ་ཡིན་སྐོར་ངོ་སྤྲོད་གནང་སོང་།

རྩོམ་སྒྲིག་འགན་འཛིན་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས། དབུས་གཙང་ལོ་རྒྱུས་ཞིབ་འཇུག་གི་ལས་གཞི་ཕྱི་ལོ་༢༠༡༣ ལོའི་ལོ་དཀྱིལ་ནས་འགོ་བཙུགས་ཡོད་པ་དང་། ད་ལྟ་དངོས་སུ་ཕྱིར་ཐོན་པའི་གྲུབ་འབྲས་དེ་ནི་རྩོམ་སྒྲིག་ཚོགས་ཆུང་ཙམ་གྱི་མ་ཡིན་པར། དེར་མཐུན་སྦྱོར་བྱེད་མཁན་ཚང་མའི་ཡིན་པ། འགྲོ་གྲོན་བཏང་བ་དེ་ཆུད་ཟོས་སོང་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། དེ་བཞིན་ཞིབ་འཇུག་ཁྲོད་དཔྱད་གཞིའི་རྒྱུ་ཆ་གང་དང་གང་ལ་གཞི་བཅོལ་ཡོད་པ་ངོ་སྤྲོད། པོད་གསུམ་གྱི་སྟོད་ཆ་དབུས་གཙང་སྤྱི་བཤད་དང་། བར་ཆ་དབུས། གཙང་། ལྷོ་ཁ། སྨད་ཆ་དེ་མངའ་རིས། བྱང་རིགས། དྭགས་ཀོང་བཅས་ཀྱི་སྐོར་ལ་འཁོད་ཡོད་སྐོར་ངོ་སྤྲོད་གནང་སོང་།

རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་གྱིས། དབུས་གཙང་ལོ་རྒྱུས་ཆེན་མོ་བཀླགས་གནང་བའི་མྱོང་ཚོར་དང་། དེབ་འདིའི་ནང་མཐོང་དཀོན་པའི་ཐ་སྙད་རྙིང་པ་མང་པོ་དང་། གཞུང་ཡིག་རྒྱུ་ཆ་ལྡན་པ། དཀར་ཆག་རྣམས་ཞིབ་ཕྲ་དང་གསལ་པོ། ས་ཁྲ་བེད་སྤྱད་པ་རྣམས་དུས་སྐབས་མི་འདྲ་བའི་ས་ཁྲ་ཡིན་པ། དཔྱད་གཞིའི་ཡིག་ཆ་རྣམས་སྐད་རིགས་འདྲ་མིན་ནང་ཡོད་སྐོར་སོགས་གསུངས་སོང་།

མཛད་སྒོའི་སྐབས་སུ་དབུས་གཙང་སྤྱི་ཁྱབ་རྒྱུན་ལས་ཁང་གིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་ཆེད་དུ་བཀའ་དྲིན་རྗེས་དྲན་ཤེས་ཡོན་ཐེབས་རྩ་ཞེས་པ་གསར་འཛུགས་བྱས་པར། ༧ཟམ་གདོང་རིན་པོ་ཆེས་དབུ་འབྱེད་གནང་སོང་བ་དང་། ལོ་རྒྱུས་ཀྱི་དེབ་པོད་གསུམ་པོ་ཡང་རིན་པོ་ཆེས་དབུ་འབྱེད་གནང་སོང་། དེའི་རྗེས་ཁོང་གིས་བཀའ་སློབ་གནང་དོན། དབུས་གཙང་ལོ་རྒྱུས་ཆེན་མོ་པར་སྐྲུན་ཐུབ་པ་དེ་ནི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་པ་དང་། དེའི་རིན་ཐང་ད་ལྟ་མངོན་སྲིད་པ་རེད་ལ་མངོན་མི་སྲིད་པ་ཡང་རེད་དེ། མ་འོངས་པར་ལོ་བརྒྱ་ཕྲག་རྗེས་སུ་དེའི་རིན་ཐང་མངོན་རྒྱུ་ངེས་གཏན་ཡིན་པ། དེབ་འདི་དག་འབྱུང་འགྱུར་གྱི་ཞིབ་འཇུག་པ་ཚོའི་དཔྱད་གཞིའི་ཡིག་དང་ལག་ཆ་གལ་ཆེན་ཆགས་རྒྱུ་ཡིན་པ་དང་། ཞིབ་འཇུག་ཞིབ་ཚགས་པོ་ཆགས་ཡོད་པས་རྗེས་སུ་ཡི་རངས་ཡོད་སྐོར་གསུངས་སོང་།

རྩོམ་སྒྲིག་ཚོགས་ཆུང་གིས་ལོ་ལྔའི་རིང་ཞིབ་འཇུག་དང་རྒན་རབས་རྣམས་ལ་བཅར་འདྲི་སོགས་བྱས་ནས་

དབུས་གཙང་ལོ་རྒྱུས་ཆེན་མོ་རྩོམ་སྒྲིག་བྱས་པ་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།