དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་མི་གཅིག་བཅས་འོས་འདེམས་བྱས་སོང་། 

ཕྱི་ཟླ་༩ ཚེས་༡༩ བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ལས་ཉིན་༨ པའི་ཚོགས་ཐུན་དང་པོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ལས་རིམ་གྲུབ་རྗེས། རང་དབང་ཅན་གྱི་སྡེ་ཚན་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་འོས་འདེམས་བྱས་སོང་། དེ་ཡང་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་དབུས་འོས་བསྡུ་ལྷན་ཁང་གི་འགན་འཛིན་གྱི་འོས་མི་སྤྱི་ཟུར་བློ་བཟང་ཡེ་ཤེས་དང་ལྷ་ལུང་རྒྱལ་གཉིས་ཀྱི་མཚན་བྱང་འཆར་འབུལ་ཞུས་འདུག་པ་ལྟར། གྲོས་ཚོགས་ནང་འོས་བསྡུ་བྱེད་སྐབས་སྤྱི་ཟུར་བློ་བཟང་ཡེ་ཤེས་ལ་འོས་གྲངས་༢༩ དང་ལྷ་ལུང་རྒྱལ་ལ་འོས་གྲངས་༡༢ དང་འོས་༢ རྩིས་མེད་ཀྱིས། སྤྱི་ཟུར་བློ་བཟང་ཡེ་ཤེས་མང་མོས་ཀྱིས་འོས་བསྡུ་ལྷན་ཁང་གི་འགན་འཛིན་དུ་འོས་འདེམས་གནང་སོང་།

དེ་བཞིན་འོས་མི་འདེམས་སྒྲུག་ཚོགས་ཆུང་ནས་ལས་བྱེད་འདེམས་ལྷན་གྱི་ཚོགས་མིའི་འོས་མི་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་དང་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་གཉིས་ཀྱི་མཚན་བྱང་འཆར་འབུལ་ཞུས་འདུག་པ་ལྟར། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་ལ་འོས་གྲངས་༡༨ ། ཚུལ་ཁྲིམས་རྡོ་རྗེ་ལ་འོས་གྲངས་༢༤ ། འོས་གྲངས་༢ རྩིས་མེད་བཅས། རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལས་བྱེད་འདེམས་ལྷན་གྱི་ཚོགས་མིར་འོས་འདེམས་བྱུང་སོང་། 

གསར་འགོད་པ། བསྟན་འཛིན་ལམ་བཟང་། 

ཁྱེད་ཀྱིས་གཟིགས་མེད་སྲིད།