དབྱིན་གཞུང་ལ་བོད་ནང་གི་བོད་ཕྲུག་ཚོར་སྲུང་སྐྱོབ་དགོས་པའི་ཞུ་གཏུག་སྙན་ཞུ་ཕུལ་འདུག 

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས། དབྱིན་ཡུལ་གཞུང་ལ་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གི་བཙན་གནོན་ལམ་ལུགས་འོག མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭའི་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པའི་ཞུ་གཏུག་སྙན་ཞུ་ཞིག་ཕུལ་འདུག 

དབྱིན་ཡུལ་ནང་རྟེན་གཞི་བྱས་པའི་བོད་རང་དབང་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། དབྱིན་ཡུལ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་ནས། དབྱིན་ཡུལ་གཞུང་ལ་བོད་ནང་གི་བོད་ཕྲུག་ཚོ་རྒྱ་ནག་གཞུང་གི་བཙན་གནོན་ལམ་ལུགས་འོག མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭའི་སྲིད་བྱུས་ལས་སྲུང་སྐྱོབ་དགོས་པའི་ཞུ་གཏུག་སྙན་ཞུ་ཞིག་ཕུལ་འདུག 

ཟླ་༡༠ པའི་ཚེས་༢༧ ཉིན་ཚོགས་པ་གསུམ་ནས་ཞུ་གཏུག་སྙན་ཞུ་དེ་དབྱིན་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཇེམ་སེ་ཁཱེ་ལིར་ཝེར་ལཱི་ཡི་མཚན་ཐོག་ལ། དབྱིན་གཞུང་གི་ཕྱི་སྲིད་ལས་ཁུངས་སུ་ཕུལ་འདུག 

མཚན་རྟགས་བསྡུ་རུབ་ཀྱི་ཞུ་གཏུག་ལས་འགུལ་དེ་ཟླ་གཉིས་ལྷག་གི་སྔོན་ནས་དྲ་ཐོག་བརྒྱུད་སྤེལ་ཡོད་པ་དང་།  དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་ལ་ཕུལ་བའི་ཞུ་སྙན་ནང་གཙོ་བོ་ཉེ་བའི་ལོ་ཤས་ནས་བཟུང་སྟེ་རྒྱ་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཏུ་དབང་བསྒྱུར་ལམ་ལུགས་འོག་མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭ་ཆེད་འཛུགས་ཀྱིས། བོད་ཕྲུག་རྣམས་སློབ་གྲྭ་དེ་དག་ནང་དུ་བཙན་དབང་ཐོག་སློབ་འཇུག་བྱེད་ཀྱི་ཡོད་པ་མ་ཟད། བོད་ཕྲུག་ཚོར་རྒྱ་ཡིག་ཁོ་ནའི་ཐོག་སློབ་ཚན་ཆེད་ཁྲིད་བྱས་ཏེ་མ་འོངས་པར་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་རྒྱུའི་ཛ་དྲག་ཅན་གྱི་གནད་དོན་ཆགས་ཡོད་པ་སོགས་འཁོད་ཡོད་འདུག 

ཞུ་གཏུག་གི་སྙན་ཞུ་དེར་མི་མང་ཁྲི་གཅིག་ལས་མང་བས་རྒྱབ་སྐྱོར་བྱས་ཡོད་པ་རེད་འདུག 

དབྱིན་ཡུལ་བོད་རིགས་ཚོགས་པའི་ཚོགས་གཙོ་དང་བོད་རང་དབང་ཚོགས་པའི་ལས་འགུལ་འགན་འཛིན་གཅིག་ལྕོགས་བསྟན་འཛིན་ཀུན་དགས། སྙན་ཞུ་དེ་ཚེས་༢༧ ཉིན་དབྱིན་ཡུལ་གྱི་ཕྱི་སྲིད་བློན་མཆོག་གི་མཚན་ཐོག་ལ་ཕུལ་ནས་རིང་མིན་ཕྱི་ཟླ་ ༡༡ ཚེས་ ༣ དང་ ༤ བཅས་ལ་ཡོ་རོབ་རྒྱལ་ཁབ་འཇར་མན་ནང་འཚོགས་རྒྱུའི་སྟོབས་ཆེན་རྒྱལ་ཁབ་བདུན་གྱི་་ཕྱི་སྲིད་བློན་ཆེན་རྣམས་ཀྱི་ལྷན་ཚོགས་ཐོག་གླེང་སློང་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་ཆེད་ཡིན་སྐོར་གསུངས་འདུག 

ལོ་སྔོན་མའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་སྙན་ཐོའི་ནང་དུ། བོད་ནང་གི་ཤེས་ཡོན་ལམ་ལུགས་འོག་གི་སློབ་གྲྭ་ཕལ་ཆེ་བ་གཏན་སྡོད་སློབ་གྲྭ་ཡིན་པ་དང་། རྒྱ་ནག་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། བོད་ནང་གི་སློབ་ཕྲུག་ལོ་༦ ནས་༡༨ བར་གྱི་སློབ་ཕྲུག་བརྒྱ་ཆ་༧༨ མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭའི་ནང་གཏན་སྡོད་བྱེད་བཞིན་པ། ཕ་མ་ཚོར་གདམ་ཀ་གཞན་མེད་སྟབས་ཕྲུག་གུ་ཚོ་གཏན་སྡོད་སློབ་གྲྭར་མི་གཏོང་ཐབས་མེད་གྱུར་ཡོད་པ། བོད་ནང་བཙན་གནོན་གྱི་ཁོར་ཡུག་འོག་ཞུ་གཏུག་བྱེད་ས་མེད་པ། ཕ་མ་ཁ་ཤས་ལ་གནོན་ཤུགས་དང་འཇིགས་སྐུལ་བྱས་ནས་ཕྲུག་གུ་མི་འདོད་བཞིན་དུ་གཏན་སྡོད་སློབ་གྲྭར་གཏོང་འཇུག་གི་ཡོད་པ། སློབ་གྲྭ་དེ་དག་ནང་སློབ་ཁྲིད་ཚང་མ་རྒྱ་སྐད་རྒྱ་ཡིག་ནང་བྱེད་བཞིན་པ། སློབ་ཕྲུག་ཚོ་སོ་སོའི་ཕ་མ་དང་སྤྱི་ཚོགས་ནས་རྒྱང་རིང་དུ་སྡོད་དགོས་ཀྱི་ཡོད་སྟབས་རང་གི་ཆོས་དང་རིག་གཞུང་སོགས་ཉམས་ལེན་མི་ཐུབ་པ། སློབ་ཕྲུག་ཚོར་རྒྱལ་ཞེན་དང་ཆབ་སྲིད་ཀྱི་སློབ་གསོ་སྤྲད་ནས་བསམ་བློ་བསྒྱུར་བཀོད་བྱེད་པ། དེ་བས་བོད་རིགས་སློབ་ཕྲུག་རྣམས་ཀྱིས་མི་རིགས་རང་གི་ཕ་སྐད་བརྗེད་ཅིང་མི་རིགས་ཀྱི་རིག་གཞུང་དང་རྒྱང་ཐག་ཇེ་རིང་དུ་འགྲོ་ཉེན་ཡོད་པ་སོགས་བཀོད་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་གཏན་སྡོད་སློབ་གྲྭ་དེ་ཚོ་བོད་རིགས་དང་གྲངས་ཉུང་མི་རིགས་ཁག་ལ་དམིགས་ཡོད་པ་དང་། མི་སེར་སྤེལ་ཡུལ་ལམ་ལུགས་ཀྱི་གཏན་སྡོད་སློབ་གྲྭ་བཙུགས་པ་དེས། རྒྱ་ནག་གཞུང་གིས་ཁས་ལེན་བྱས་བའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་མང་པོར་རྡོག་རོལ་བཏང་ཡོད་པ་མ་ཟད། རྒྱ་ནག་རང་གི་ཁྲིམས་ལུགས་དང་འགལ་ཡོད་པ་སོགས་བཀོད་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་འོག བོད་ནང་རྒྱ་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭ་ཕོན་ཆེ་འཛུགས་བཞིན་པའི་ལས་གཞི་རྒྱ་ཆེར་བཏང་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གང་ཡང་མི་ཤེས་པའི་མི་རབས་ཤིག་བསྐྲུན་ཐབས་བྱེད་མུས་ཡིན་པ་གསལ་བཏོན་བྱས་འདུག 

བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་གིས་གསུངས་ན། འདས་བའི་ལོ་ངོ་བཅུ་ལྷག་གི་རིང་། རྒྱ་ནག་གཞུང་གིས་བོད་ནང་གི་གྲོང་གསེབ་ཁག་གི་སློབ་གྲྭ་མེད་པར་བཟོས་ནས། མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭ་བཙུགས་པ་དང་། དེ་བཞིན་དགོན་སྡེ་ཁག་གི་སློབ་གྲྭ་དང་སྒེར་གཉེར་སློབ་གྲྭ་སོགས་ཀྱང་རིམ་པས་སྒོ་རྒྱབ་བཅུག་པ་སོགས་ཀྱི་གནས་སྟངས་འོག་ཕྲུ་གུ་རྣམས་གཏན་སྡོད་སློབ་གྲྭ་མི་གཏོང་ཐབས་མེད་ཆགས་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག

གཞན་སྙན་ཐོ་དེའི་ནང་གི་ཉམས་ཞིབ་པ་གཙོ་གྲས་དང་དེ་སྔ་གཏན་སྡོད་སློབ་གྲྭར་བསྐྱོད་མྱོང་མཁན་ད་ལྟ་ཨ་རིར་ཡོད་པའི་སྒྲོལ་མ་སྐྱབས་ཀྱིས། སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ནང་གཏན་སྡོད་སློབ་གྲྭ་བཙུགས་པ་དེ་ལོ་རབས་༦༠་ནང་ནས་འགོ་བཙུགས་ཡོད་པ་དང་། སློབ་གྲྭ་དེ་དག་ནང་གི་གནས་སྟངས་ཤིན་ཏུ་ཞན་པོ་ཡོད་པར་མ་ཟད། སློབ་ཕྲུག་ཚོར་ཉེས་རྡུང་གཏོང་བ་དང་། བཙན་གཡེམ། དབྱེ་འབྱེད་སོགས་བྱེད་བཞིན་པའི་ཐོག ཆབ་སྲིད་རང་བཞིན་ཀྱི་སློབ་གསོ་སྤྲད་པ་བཅས་ཀྱི་གནས་སྟངས་ཛ་དྲག་ཡོད་པ་གསུངས་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།