དབྱིན་ཇིའི་གཞུང་ཚབ་ཀྱི་ལས་བྱེད་ཅིག་རྒྱ་ནག་གིས་འཛིན་བཟུང་བྱས།
ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ཧོང་ཀོང་དུ་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་ཅིག་རྒྱ་ནག་སྐམ་ས་ཆེན་མོར་བཀག་ཉར་བྱས་པའི་གནས་ཚུལ་ལ་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱིས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག
ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ཧོང་ཀོང་དུ་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་ལས་བྱེད་ཅིག་རྒྱ་ནག་སྐམ་ས་ཆེན་མོར་བཀག་ཉར་བྱས་པའི་གནས་ཚུལ་ལ་དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱིས་སེམས་འཚབ་ཆེན་པོ་བྱེད་ཀྱིན་ཡོད་འདུག
དེ་ཡང་ཧོང་ཀོང་དུ་ཡོད་པའི་དབྱིན་ཇིའི་དོན་གཅོད་དཔོན་གྱིས་རེས་གཟའ་མིག་དམར་ཉིན་ས་གནས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དབྱིན་ཇིའི་དོན་གཅོད་ལས་བྱེད་སཱ་མན་ཆན་(Simon Cheng) ཟླ་༨ ཚེས་༩ ནས་བཟུང་ཧོང་ཀོང་གི་ས་མཚམས་དང་འབྲེལ་བའི་སྐམ་ས་ཆེན་མོའི་གྲོང་ཁྱེར་ཧྲིན་ཀྲན་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་ཚུལ་བརྗོད་པ་དང་། དབྱིན་ཇིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་གློག་འཕྲིན་བརྒྱུད་དེ་“ང་ཚོའི་ལས་བྱེད་ཅིག་ཧྲེན་ཀྲན་ནས་ཧོང་ཀོང་དུ་ལོག་བཞིན་པའི་སྐབས་འཛིན་བཟུང་བྱས་པའི་གནས་ཚུལ་དེར་ཤིན་ཏུ་སེམས་འཚབ་ལངས་ནས་ཡོད་”ཅེས་བརྗོད་པའི་ཐོག “ང་ཚོས་ཁོང་གི་ནང་མི་ལ་རྒྱབ་སྐྱོར་བྱེད་པ་དང་སྦྲགས། གྷོན་ཊོའུ་ཞིང་ཆེན་དང་ཧོང་ཀོང་གི་གཞུང་འཛིན་མི་སྣ་ཚོའི་ས་ནས་ཞིབ་ཕྲའི་གནས་ཚུལ་ཤེས་ཐབས་བྱེད་ཀྱིན་ཡོད་”ཅེས་བསྣན་འདུག
དེ་བཞིན་པེ་ཅིང་དུ་ཡོད་པའི་དབྱིན་ཇིའི་གཞུང་ཚབ་ཁང་ནས་ཀྱང་གོང་དང་མཚུངས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་གནས་ཚུལ་དེར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་འདུག
ལོ་ན་༢༨ ལ་སོན་པའི་སཱ་མན་ཆན་ནི། ཧོང་ཀོང་དུ་ཡོད་པའི་དབྱིན་ཇིའི་དོན་གཅོད་ཁང་གི་རྒྱལ་སྤྱིའི་ཚོང་ལས་སྡེ་ཚན་གྱི་ལས་བྱེད་ཅིག་ཡིན་པ་དང་། ཁོ་རང་ཟླ་༨ ཚེས་༨ ཉིན་རྒྱ་ནག་གི་གྲོང་ཁྱེར་ཧྲེན་ཀྲན་དུ་གཞུང་དོན་སྒྲུབ་པར་ཕྱིན་ནས་ཕྱིར་ལོག་པའི་ལམ་བར་དུ་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
ཁོའི་དགའ་རོགས་ལཱི་(Li) ཡིས་སཱ་མན་ཆན་གོ་མེད་ཚོར་མེད་དུ་མ་གྱུར་བའི་སྔོན་ཏག་ཏག་ལ་མོ་ལ་འཕྲིན་ཐུང་ཞིག་བསྐུར་བྱུང་ཚུལ་བརྗོད་པ་དང་། འཕྲིན་ཐུང་ནང་“ས་མཚམས་བརྒལ་བའི་གྲ་སྒྲིག་བྱེད་བཞིན་ཡོད། ངའི་ཆེད་དུ་གསོལ་བ་སྨོན་ལམ་འདེབས་རོགས་”ཞེས་བྲིས་ཡོད་འདུག
ཉིན་བཅུ་ལྷག་ཕྱིན་པའི་རྗེས་ཀྱི་དེ་རིང་ཡང་ལཱི་དང་སཱ་མན་ཆན་གྱི་ནང་མི་ཚོས་ཁོ་ལ་འབྲེལ་གཏུག་བྱེད་ཐུབ་མེད་པ་དང་། ཧོང་ཀོང་སྲིད་གཞུང་ནས་ལཱི་ལ་ཁོ་རང་རྒྱ་ནག་སྐམ་ས་ཆེན་མོའི་ནང་བཀག་ཉར་བྱས་ཡོད་པ་ལས། ས་ཁུལ་གང་ཞིག་དང་རྒྱུ་མཚན་ཅིའི་ཕྱིར་ཡིན་པའི་སྐོར་བཤད་མི་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།