དབྱིན་ཇིའི་གྲོས་ཚོགས་ཚོགས་གཙོ་དང་སྲིད་སྐྱོང་གཉིས་ཀྱི་ཐུག་འཕྲད་ལ་རྒྱ་གཞུང་གི་ངོ་རྒོལ།
བློ་བཟང་སེང་གེ་དང་གཞན་སུ་ཞིག་གིས་རྒྱལ་ཁབ་གང་དུ་ཡིན་རུང་། ཁ་བྲལ་གྱི་བྱ་སྤྱོད་ག་འདྲ་ཞིག་སྤེལ་ན་ཡང་། རྒྱ་ནག་གི་ངོས་ནས་ངོ་རྒོལ་ཤུགས་ཆེན་ཡོད་ཅེས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པས་བརྗོད་ཡོད་འདུག
བློ་བཟང་སེང་གེ་དང་གཞན་སུ་ཞིག་གིས་རྒྱལ་ཁབ་གང་དུ་ཡིན་རུང་། ཁ་བྲལ་གྱི་བྱ་སྤྱོད་ག་འདྲ་ཞིག་སྤེལ་ན་ཡང་། རྒྱ་ནག་གི་ངོས་ནས་ངོ་རྒོལ་ཤུགས་ཆེན་ཡོད་ཅེས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པས་བརྗོད་ཡོད་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༤ ཉིན་རྒྱ་གར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་གསལ་ལྟར་ན། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་དང་དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཇོན་བྷེར་ཀོའོ་(John Bercow) གཉིས་ཟླ་འདིའི་ཕྱི་ཚེས་༡ ཉིན་མཇལ་འཕྲད་བྱས་པར། རྒྱ་གཞུང་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧའོ་ཁྲན་དབྱིངས་(Hua Chunying) ཀྱིས་“ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་དོ་ཕོག་གཏོང་ངེས་པའི་བྱ་བཞག་ལས་ངེས་པར་དུ་གཡོལ་དགོས་རེད་”ཅེད་དབྱིན་གཞུང་ལ་སྐྱོན་བརྗོད་བྱས་ཡོད་འདུག
དེ་བཞིན་མགྲིན་ཚབ་པ་མོས་བརྗོད་དོན་དུ། “དབྱིན་ཇིའི་གྲོས་ཚོགས་འོག་མའི་ཚོགས་གཙོས་རྒྱ་ནག་གོང་བུ་གཅིག་གྱུར་ལ་ཉེན་ཁ་བཟོ་བའི་བྱ་སྤྱོད་སྤེལ་བར་རྒྱ་ནག་གི་ངོས་ནས་ངོ་རྒོལ་ཡོད་”ཅེས་དང་། “བཙན་བྱོལ་བོད་གཞུང་ཞེས་པ་དེ་ནི་ཕྱི་ལོ་༡༩༥༩ ལོར་གྱེན་ལངས་ཕམ་ཉེས་སུ་སོང་ནས། བྲོས་བྱོལ་དུ་ཕྱིན་པའི་ཁ་བྲལ་རུ་ཁག་གིས་བཙུགས་པའི་ཁྲིམས་འགལ་དང་རྒྱལ་སྤྱིས་ངོས་ལེན་མེད་པ་ཞིག་རེད་”ཅེས་བརྗོད་ཡོད་འདུག
ཡང་ཁོ་མོས་“རྒྱ་གཞུང་གི་ངོས་ནས་བློ་བཟང་སེང་གེ་དང་གཞན་སུ་ཞིག་གིས་རྒྱལ་ཁབ་གང་དུ་ཡིན་རུང་། ཁ་བྲལ་གྱི་བྱ་སྤྱོད་ག་འདྲ་ཞིག་སྤེལ་ན་ཡང་། རྒྱ་ནག་གི་ངོས་ནས་ངོ་རྒོལ་ཤུགས་ཆེན་ཡོད་ལ། དེ་བཞིན་ཁོ་ཚོས་ཕྱི་རྒྱལ་གྱི་ལས་བྱེད་རྣམས་ལ་འབྲེལ་ལམ་འཛིན་པ་ལ་ཡང་ང་ཚོས་ངོ་རྒོལ་ཤུགས་ཆེན་ཡོད།”ཅེས་བརྗོད་ཡོད་འདུག་ལ།
ཡང་མོས་“ང་ཚོས་དབྱིན་ཇི་གཞུང་གིས་ཁོ་རང་ཚོའི་དམ་བཅའ་ལ་གུས་བརྩི་དང་། རྒྱ་ནག་དང་དབྱིན་ཇི་གཉིས་བར་གྱི་འབྲེལ་ལམ་ལ་གནོད་པའི་བྱ་སྤྱོད་དང་རིང་དུ་གྱེས་པའི་སྐུལ་མ་བྱེད་ཀྱི་ཡོད་”ཅེས་ཀྱང་བརྗོད་ཡོད་འདུག
གསར་འགོད་པ་བཀྲ་ཤིས་དོན་གྲུབ།