དབྱིན་ཡུལ་གྱི་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་རྒྱུ་རེད་འདུག
ལོ་ཤས་རིང་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་ལས་དོན་དང་འབྲེལ་ནས། དབྱིན་ཡུལ་གྲོས་ཚོགས་ནང་ཤོག་ཁག་འདྲ་མིན་བར་འགལ་ཟླ་ཆགས་ཡོད་པ་དང། དེ་ལ་བརྟེན་ནས་ཕྱིར་འཐེན་གྱི་གྲོས་མཐུན་ལ་མང་མོས་རྒྱབ་སྐྱོར་ཐོབ་མེད་པས་ད་བར་ཕྱིར་འཐེན་བྱས་ཐུབ་མེད་པས། དབྱིན་ཡུལ་སྲིད་བློན་གྱི་གྲོས་འཆར་ལྟར་གྲོས་ཚོགས་ཀྱིས་རྒྱལ་ཡོངས་གྲོསཚོགས་འོས་བསྡུ་སྔ་སྣུར་བྱེད་རྒྱུར་རྒྱབ་སྐྱོར་བྱས་འདུག
ཟླ་༡༢ པའི་ཚེས་༡༢ ཉིན་ཏེ་ཡེ་ཤུ་སྟོན་པའི་འཁྲུངས་སྐར་དུས་ཆེན་སླེབས་བར་བདུན་ཕྲག་གཉིས་ཀྱི་སྔོན་དུ། དབྱིན་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱེད་རྒྱུ་ཡིན་པ་རེད། དེ་ཡང་གྲོས་ཚོགས་ཀྱི་ལས་ཡུན་ལ་གཞིགས་ན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་ཕྱི་ལོ་༢༠༢༢ ལོར་བྱེད་རྒྱུ་ཡིན་པ་རེད་དེ། ཟླ་༧ པའི་ནང་གསར་དུ་འདེམས་ཐོན་བྱུང་བའི་དབྱིན་ཡུལ་གྱི་སྲིད་བློན་དང་རྙིང་ཞེན་སྲིད་དོན་ཚོགས་པའི་འགོ་ཁྲིད་བྷོ་རི་སེ་ཇོན་སོན་གྱིས། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་བར་གྱི་འབྲེལ་ལམ་གྲོས་མཐུན་གསར་པ་དེ། དབྱིན་ཡུལ་གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཆེད་དུ། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་དགོས་རྒྱུ་གལ་ཆེན་ཆགས་ཡོད་པས། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་པའི་གྲོས་འཆར་ཐེངས་བཞི་བཏོན་རྗེས། ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚཽགས་འཐུས་མི་ཚོས་རྒྱབ་སྐྱོར་བྱས་ཡོད་འདུག
དེ་ཡང་སྐབས་སྔོན་མའི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས་ཀྱང་། ཕྱི་ལོ་༢༠༡༧ ལོར་གྲོས་ཚོགས་ནང་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་གྲོས་མཐུན་དེར་མང་མོས་རྒྱབ་སྐྱོར་ཐོབ་ཆེད་དུ། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་རྒྱུའི་གྲོས་འཆར་བཏོན་ནས་གྲོས་ཚོགས་ནས་ཀྱང་རྒྱབ་སྐྱོར་བྱས་ཡོད་པ་རེད་དེ། འོས་བསྡུའི་གྲུབ་དོན་དུ་ཁོང་གི་རྙེང་ཞེན་ཚོགས་པར་རྐུབ་སྟེགས་མང་ཤོས་ཀྱི་སྲིད་དོན་ཚོགས་པ་ཆགས་ཡོད་ཀྱང་། མང་མོས་ཀྱི་ཁ་གྲངས་ལོན་མེད་ཁར་སྐབས་སྔོན་མ་དང་བསྡུར་ན་རྐུབ་སྟེགས་༡༣ ཉུང་དུ་ཕྱིན་ཡོད་པས། སྲིད་དོན་ཚོགས་པ་ཆུང་བ་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་གཞུང་འཛིན་ཚོགས་པ་ཆགས་ཐུབ་ཙམ་བྱུང་བ་རེད། ཁོང་གི་དམིགས་ཡུལ་ལྟར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་མ་ཐོབ་པས། ཁོང་གིས་འཁྱེར་ཡོང་བའི་གྲོས་མཐུན་ལ་གྲོས་ཚོགས་ནས་དགག་བྱ་ཐེངས་ཁ་ཤས་བྱས་པ་དང་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་ཐེངས་གཉིས་དུས་འགྱངས་བྱེད་དགོས་ཁེལ་ཡོད་པར་བརྟེན། མཐའ་མ་དེར་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་མདུན་བསྐྱོད་བྱེད་པར་གྲུབ་འབྲས་མ་ཐོན་ནས། ཁོང་ལས་གནས་ནས་དགོངས་པ་ཞུས་ཡོད་པ་དང་། ཁོང་གི་ཚབ་ཏུ་འདེམས་ཐོན་བྱུང་བའི་སྲིད་བློན་གསར་པ་བྷོ་རི་སེ་ཇོན་སོན་གྱིས་ཀྱང་ཐག་གཅོད་དེ་ལྟར་བྱས་པ་དེ་ཆབ་སྲིད་ཀྱི་རྒྱན་རྩེད་ཆེན་པོ་ཞིག་རྩེས་ཡོད་པ་རེད། གལ་ཏེ་གྲོས་ཚོགས་ནང་རྐུབ་སྟེགས་ཉུང་དུ་ཕྱིན་ཚེ། ལས་དོན་སྒྲུབ་རྒྱུ་དཀའ་ལས་ཁག་ཏུ་འགྲོ་རྒྱུ་ཡིན་པ་རེད།
ཡུ་རོབ་མཐུན་ཚོགས་ཀྱིས་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཟླ་༡༠ པའི་ཚེས་༣༡ ནས་ཕྱི་ལོ་༢༠༢༠ ལོའི་ཟླ་༡ པའི་ཚེས་༣༡ བར་དུས་འགྱངས་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། གལ་ཏེ་དེའི་སྔོན་དུ་ཕྱིར་འཐེན་གྱི་གྲོས་མཐུན་ལ་གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཚེ། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་ཆོག་པ་ཡིན་འདུག ཐེངས་འདིའི་འོས་བསྡུར་མི་མང་ཁྲོད་དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་མེད་རྣམ་འགྱུར་སྟོན་པའི་སྡིངས་ཆ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཁར། སྲིད་དོན་ཚོགས་པ་ཁག་ལ་ཡང་སོ་སོའི་སྲིད་བྱུས་ལ་གཞིགས་ནས་མི་མང་གི་རྒྱབ་སྐྱོར་ཐོབ་ནས་གྲོས་ཚོགས་ནང་རྐུབ་སྟེགས་མང་དུ་གཏོང་བའི་གོ་སྐབས་ཡག་པོ་ཞིག་ཡིན་འདུག་ཀྱང་། འོས་བསྡུའི་གྲུབ་དོན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་པས་སྲིད་དོན་ཚོགས་པ་དེ་དག་ལ་ཉེན་ཁ་ཡང་ཆེན་པོ་ཡོད་པ་རེད་འདུག
ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད། དེའི་རྗེས་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡང་གྲོས་ཚོགས་ནང་ཁོང་གི་གྲོས་མཐུན་ལ་རྒྱབ་སྐྱོར་མ་ཐོབ་པས་དགོངས་པ་ཞུས་ཡོད་པ་རེད།
སྤྱིར་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་དོན་དེ། རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་གནས་སྤོ་བ། བདེ་སྲུང་སོགས་ཀྱི་སྲིད་བྱུས་རྣམས་ཡུ་རོབ་མཐུན་ཚོགས་ལ་བསྟུན་མི་དགོས་པར་འཇོག་ཐབས་དང་། མི་མང་ལ་ལས་ཀའི་གོ་སྐབས་བསྐྲུན་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་སོགས་ཡིན་སྐོར་བསྒྲགས་བཞིན་ཡོད་ཀྱང་། དཔྱད་བརྗོད་པ་མང་པོ་ཞིག་གིས། ཕྱི་ལོ་༢༠༡༦ ལོ་ནས་ཡུ་རོབ་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་འགྲོ་བཞིན་ཡོད་ཁར། སྐྱབས་བཅོལ་བ་ས་ཡ་མང་པོ་ཡུ་རོབ་ནང་སླེབས་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། དབྱིན་ཡུལ་ནང་ཕྱི་མི་དང་སྐྱབས་བཅོལ་བ་འགོག་ཐབས་ཆེད་དུ་འོས་ཤོག་འཕངས་པ་ཡིན་པ་ལས། ཕྱིར་འཐེན་དེའི་དགོས་པ་དངོས་དང་མཇུག་འབྲས་སྐོར་ལ་གོ་རྟོགས་མཐིལ་ཕྱིན་པ་མེད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།