དབྱིན་ཡུལ་གྱིས་ཡུག་ཀེ་རན་ལ་ཨུ་རུ་སའི་བཙན་འཛུལ་འགོག་རྒོལ་བྱེད་ཆེད་དུ་རོགས་པ་བྱེད་བཞིན་འདུག
ཡུག་ཀེ་རན་དང་ཨུ་རུ་སུའི་ས་མཚམས་སུ་གནས་སྟངས་ཛ་དྲག་ཆགས་བཞིན་པའི་སྐབས་དེར། དབྱིན་ཡུལ་གྱིས་ཡུག་ཀེ་རན་ལ་བདེ་སྲུང་ཆེད་དུ་མེ་ཤུགས་འཕུར་མདའ་དང་དམག་མི་སྣོན་མ་གཏོང་བཞིན་པའི་གནས་ཚུལ་ཐོན་འདུག
ཟླ་༡ པོའི་ཚེས་༡༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་དབྱིན་ཡུལ་གྱི་བདེ་སྲུང་དྲུང་ཆེ་བྷེན་ཝོ་ལཱེ་སཱེ་ཡིས་གྲོས་ཚོགས་འཐུས་མི་ཚོར་ལན་འདེབས་བྱས་དོན་ལ། དེང་གི་ཆར་ཡུག་ཀེ་རན་དང་ཨུ་རུ་སུའི་ས་མཚམས་སུ་ཨུ་རུ་སུའི་དམག་མི་འབུམ་གཅིག་ཙམ་འགྲེམས་འཇོག་བྱས་ཡོད་པས། སེམས་འཚབ་བྱེད་གཞི་ཞིག་ཆགས་ཡོད་པ་དང་། དབྱིན་ཡུལ་ངོས་ནས་ཡུག་ཀེ་རན་ལ་བདེ་སྲུང་གི་ཆེད་དུ་ཐང་ག་རི་འགོག་རྒོལ་བྱེད་པའི་རྒྱང་ཐུང་མེ་ཤུགས་འཕུར་མདའ་དང་། དམག་མིའི་རུ་ཁག་ཆུང་ཆུང་ཞིག་གཏོང་རྒྱུ་ཡིན་པ་དང་། ཚེས་༡༦ ཉིན་མཚོན་ཆ་ཁག་ཅིག་བཏང་ཟིན་སྐོར་བརྗོད་འདུག
ཕྱི་ལོ་༢༠༡༤ ལོ་ནས་ཡུག་ཀེ་རན་གྱི་ཤར་ཕྱོགས་སུ་ཨུ་རུ་སུའི་རྒྱབ་སྐྱོར་ཡོད་པའི་ཁ་བྲལ་རུ་ཁག་དང་། ཡུག་ཀེ་རན་གྱི་དམག་མི་བར་དམག་འཁྲུག་བརྒྱབ་ཡོད་པ་དང་། ད་ལྟའི་ཆར་དམག་འཁྲུག་གནས་སྐབས་མཚམས་འཇོག་བྱེད་པའི་མོས་མཐུན་ཡོད་ཀྱང་། མོས་མཐུན་དེ་ག་དུས་བར་གནས་མིན་བརྗོད་དཀའ་བ་ཡིན་འདུག ཕྱོགས་གཉིས་བར་གྱི་དམག་འཁྲུག་དང་བསྟུན་ནས་ཕྱི་ལོ་༢༠༡༤ ལོར་ཨུ་རུ་སུའི་དམག་གིས་ཡུག་ཀེ་རན་ནང་གི་ཁཱེ་རེ་མཱི་ཡར་བཙན་འཛུལ་བྱས་ཡོད་པས། ཕྱི་ལོ་༢༠༡༥ ལོ་ནས་ཡུག་ཀེ་རན་ནང་དུ་དབྱིན་ཡུལ་གྱི་དམག་མི་འགྲེམས་འཇོག་བྱེད་འགོ་བཙུགས་ཡོད་པ་དང་། ཐེངས་འདིར་དམག་མིའི་རུ་ཁག་ཆུང་ཆུང་ཞིག་སྣོན་མར་གཏོང་རྒྱུ་ཡིན་འདུག
ཨུ་རུ་སུས་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་ཡུག་ཀེ་རན་སོགས་ཤར་ཡུ་རོབ་ཁུལ་དུ་གོ་མཚོན་སོགས་བཏང་ནས། བརྟན་ལྷིངས་མེད་པ་བཟོ་ཐབས་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དང་། ཡུག་ཀེ་རན་ལ་བཙན་འཛུལ་བྱེད་པའི་འཆར་གཞི་མེད་སྐོར་བརྗོད་འདུག
འོན་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཡུག་ཀེ་རན་གྱི་གསང་བའི་ལས་ཁུངས་ཚོས། ཕྱི་ལོ་༢༠༢༢ ལོའི་མགོ་སྟོད་དུ་ཨུ་རུ་སུས་ཡུག་ཀེ་རན་ནང་དུ་བཙན་འཛུལ་བྱེད་སྲིད་པའི་ཉེན་ཁ་མཐོང་གི་ཡོད་འདུག
དབྱིན་ཡུལ་དུ་ཡོད་པའི་ཡུག་ཀེ་རན་གྱི་གཞུང་ཚབ་པས་དབྱིན་ཡུལ་གྱི་ཐག་གཅོད་ལ་དགའ་བསུ་ཞུས་ཏེ། ད་ལྟའི་ཆར་ཡུག་ཀེ་རན་གྱིས་འཛམ་གླིང་ནང་གི་དམག་འབོར་ཆེ་ཤོས་དང་ཁ་གཏད་བྱེད་བཞིན་ཡོད་པས། ཡུག་ཀེ་རན་རྒྱལ་ཁབ་དེ་(NATO) མཐུན་ཕྱོགས་ཀྱི་ཚོགས་མི་ཆགས་འདོད་ཡོད་པས། དེའི་ཚོགས་མི་ཆགས་རྒྱུ་གལ་ཆེན་ཆགས་ཡོད་སྐོར་བརྗོད་འདུག ཨུ་རུ་སུས་ཤར་ཡུ་རོབ་ཁུལ་དུ་(NATO)མཐུན་ཕྱོགས་ཀྱི་དབང་ཤུགས་རྒྱ་སྐྱེད་གཏོང་རྒྱུར་འགོག་རྒོལ་བྱེད་བཞིན་ཡོད་ཁར། ཡུག་ཀེ་རན་རྒྱལ་ཁབ་དེ་མཐུན་ཕྱོགས་དེའི་ཚོགས་མིར་ནམ་ཡང་ཆགས་མི་ཆོག་པའི་ཉེན་བརྡ་གཏོང་བཞིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།