དབྱིན་ཡུལ་དང་ཨོ་སི་ཀྲོ་ལི་ཡའི་བར་བདེ་སྲུང་གི་འབྲེལ་ལམ་དམ་དུ་བཏང་འདུག 

རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ། ཨོ་སི་ཀྲོ་ལི་ཡ་དང་དབྱིན་ཡུལ་གཉིས་བར་བདེ་འཇགས་ཀྱི་འབྲེལ་ལམ་དམ་དུ་བཏང་བ་མ་ཟད། དབྱིན་ཡུལ་ནས་འགྲོ་སོང་ཆེན་པོ་གཏོང་རྒྱུར་ཁས་ལེན་བྱས་འདུག 

རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ། ཨོ་སི་ཀྲོ་ལི་ཡ་དང་དབྱིན་ཡུལ་གཉིས་བར་བདེ་འཇགས་ཀྱི་འབྲེལ་ལམ་དམ་དུ་བཏང་བ་མ་ཟད། དབྱིན་ཡུལ་ནས་འགྲོ་སོང་ཆེན་པོ་གཏོང་རྒྱུར་ཁས་ལེན་བྱས་འདུག 

ཟླ་༢ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་སྲིད་བློན་སཱི་ཁོཌེ་མཱོ་རི་སོན་དང་དབྱིན་ཡུལ་གྱི་སྲིད་བློན་བྷོ་རེ་སཱི་ཇོན་སོན་གཉིས་དྲ་ལམ་བརྒྱུད་ཚོགས་འདུ་འཚོགས་འདུག་པ་དང་། སྐབས་དེར་དབྱིན་ཡུལ་གྱིས་རྒྱ་གར་རྒྱ་མཚོ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་གདེང་ཚོད་དང་ཧམ་པ་ཆེ་རུ་འགྲོ་བཞིན་པ་དང་བསྟུན། ཁུལ་དེར་ཞི་བདེ་དང་བརྟན་ལྷིང་ཡོང་ཆེད་དུ། ཨ་སྒོར་ས་ཡ་༣༤ ཡི་འགྲོ་སོང་གཏོང་རྒྱུ་ཁས་ལེན་བྱས་འདུག་པ་དང་། དེ་བཞིན་དབྱིན་ཡུལ་ནས་ཨོ་སི་ཀྲོ་ལི་ཡར་རྡུལ་མཚོན་གྱི་ནུས་པ་ལྡན་པའི་མཚོ་འོག་དམག་གྲུ་བཙོང་རྒྱུའི་གྲོས་མོལ་ཐད་གྲུབ་འབྲས་ཆེན་པོ་ཐོན་བཞིན་ཡོད་སྐོར་བརྗོད་འདུག 

ཕྱོགས་གཉིས་བར་གྱི་ཚོགས་འདུ་དང་འབྲེལ་བའི་བསྒྲགས་གཏམ་ནང་དུ། དབྱིན་ཡུལ་ནས་གཏོང་རྒྱུ་ཁས་ལེན་བྱས་པའི་དངུལ་འབོར་ཆེན་དེ། མངའ་ཁུལ་གྱི་དྲ་ཐོག་བདེ་འཇགས་དང་། རྒྱལ་ནང་དང་མཚོ་ཡི་བདེ་འཇགས་སོགས་ཡར་རྒྱས་གཏོང་ཆེད་དུ་འགྲོ་སོང་གཏོང་རྒྱུ་ཡིན་པ། དེ་བཞིན་རྒྱ་ནག་གཞུང་གིས་ཡུ་གུར་ས་གནས་སུ་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སེམས་ཚབ་ཆེན་པོ་ཡོད་པ། ཐའེ་ཝན་གྱི་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་གལ་ཆེན་ཡིན་སྐོར་བརྗོད་ཡོད་འདུག

དེ་བཞིན་འབར་མའི་ནང་དུ་དམག་གི་སྒྲིག་འཛུགས་ཀྱིས་སྲིད་དབང་བཙན་བཟུང་བྱས་ཏེ་མི་མང་དང་གྱེན་ལངས་དམག་ལ་དྲག་གནོན་དང་དམར་གསོད་གཏོང་བཞིན་ཡོད་པས། དབྱིན་ཡུལ་དང་ཨོ་སི་ཀྲོ་ལི་ཡ་གཉིས་ནས་འབར་མའི་དམག་གི་སྒྲིག་འཛུགས་ཀྱིས་མི་མང་ཐོག་ལ་དྲག་སྤྱོད་སྤེལ་རྒྱུ་མཚམས་འཇོག་དགོས་པ་དང་། གང་བྱུང་འཛིན་བཟུང་བྱས་པའི་མི་མང་དང་ཨོ་སི་ཀྲོ་ལི་ཡའི་སློབ་དཔན་ཤོན་ཀྲན་ནེལ་གློད་གྲོལ་གཏོང་དགོས་སྐོར་བརྗོད་འདུག 

ཕྱོགས་གཉིས་ཀྱིས་ལྷོ་རྒྱ་ནག་རྒྱ་མཚོ་ཁུལ་དུ་རྒྱ་ནག་གི་བྱ་སྤྱོད་དང་འབྲེལ་ནས་བརྗོད་དོན་ལ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མཚོ་ཐོག་གི་ཁྲིམས་དང་བསྟུན་ནས། ལྷོ་རྒྱ་ནག་རྒྱ་མཚོ་ནང་དུ་རྒྱལ་ཁབ་གཞན་གྱིས་ཐོབ་ཐང་དང་རང་དབང་ལག་བསྟར་བྱེད་ཐུབ་དགོས་པའི་གལ་གནད་དང་། ཁུལ་དེའི་གནས་སྟངས་ཛ་དྲག་ཏུ་གཏོང་བའི་བྱ་སྤྱོད་རིགས་སྤེལ་བར་ངོ་རྒོལ་མཐའ་གཅིག་ཏུ་ཡོད་སྐོར་ཡང་བསྒྲགས་གཏམ་ནང་སྤེལ་འདུག 

ཨོ་སི་ཀྲོ་ལི་ཡ་གཞུང་གིས་ཏོག་དབྱིབས་ནད་དུག་འབྱུང་ཁུངས་ཐོག་ལ་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོག་ཞིབ་བྱེད་དགོས་པའི་དགོས་འདུན་བཏོན་ཡོད་ཁར། ཧོང་ཀོང་ནང་དུ་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ཡང་དགག་པ་བརྒྱབ་ཡོད་པས། རྒྱ་ནག་གིས་ཨོ་སི་ཀྲོ་ལི་ཡ་ནས་གླང་ཤ གདུང་ཤིང་། རྡོ་སོལ། ཆང་སོགས་ནང་འདྲེན་བཀག་འགོག་བྱས་པ་སོགས་རྒོལ་ལན་བསློགས་ཡོད་ཁར། ལོ་སྔོན་མའི་ཟླ་༩ པའི་ནང་རྒྱ་ནག་ནང་དུ་ཡོད་པའི་ཨོ་སི་ཀྲོ་ལི་ཡའི་གསར་འགོད་པ་མཐའ་མ་གཉིས་བདེ་འཇགས་ཀྱི་སེམས་འཚབ་འོག་ཕྱིར་ལོག་བྱས་ཡོད་པ་སོགས་ད་ལྟའི་ཆར་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཚད་གཞི་དམའ་བོར་གནས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།

Leave a Reply

Your email address will not be published. Required fields are marked *