དབྱིན་ཡུལ་ནང་འཇིགས་སྐུལ་བར་འཐབ་རྒོལ་དང་འགྲོ་བ་མིའི་ཐོབ་ཐང་བར་འགལ་ཟླ་ཆགས་བཞིན་པ།
དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་པར་ཉིན་གཅིག་ལས་མེད་སྐབས། རང་ཉིད་ལ་སྐྱོན་བརྗོད་མཁན་ཚོའི་ཁ་འགོག་ཆེད་དང་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འགྱུར་བ་གཏོང་དགོས་ཚེ་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དབྱིན་ཡུལ་གྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡིས། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་པར་ཉིན་གཅིག་ལས་མེད་སྐབས། རང་ཉིད་ལ་སྐྱོན་བརྗོད་མཁན་ཚོའི་ཁ་འགོག་ཆེད་དང་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འགྱུར་བ་གཏོང་དགོས་ཚེ་གཏང་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཟླ་ཤས་ནང་དབྱིན་ཡུལ་དུ་འཇིགས་སྐུལ་རིང་ལུགས་པའི་དྲག་སྤྱོད་ཀྱི་རྣམ་པ་འདྲ་མིན་ཐོག དྲག་རྒོལ་ཐེངས་གསུམ་བྱས་ཏེ་མི་མང་གི་ཚེ་སྲོག་མང་པོ་ཤོར་བ་དང་རྨས་སྐྱོན་ཡང་ཕོག་ཡོད་པ་རེད། དེ་བཞིན་དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སླེབས་ལ་ཉེ་ཡང་། ཆབ་སྲིད་ཚོགས་པ་རྣམས་ཀྱིས་དྲག་རྒོལ་གྱི་གནད་དོན་འབྱུང་སྐབས་ལ་འོས་བསྡུའི་ཁྱབ་བསྒྲགས་གནས་སྐབས་མཚམས་འཇོག་བྱས་ཡོད་ནའང་། འོས་བསྡུ་དེའི་སྐབས་རྒྱལ་ནང་གི་བདེ་འཇགས་ཀྱི་གནད་དོན་དེ་གལ་ཆེན་ཆགས་ཡོད་པ་རེད། ཟླ་འདིའི་ཚེས་༨ ཉིན་གྱི་འོས་བསྡུའི་གྲུབ་འབྲས་དེས་ད་ཡོད་ཀྱི་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡི་རྙིང་ཞེན་ཚོགས་པ་དེ་གཞུང་འཛིན་ཚོགས་པ་མུ་མཐུད་གནས་ནས་མོ་སྲིད་བློན་མུ་མཐུད་གནས་ཐུབ་མིན་གྱི་ཐག་གཅོད་བྱེད་ཀྱི་ཡོད་པས། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཀྱིས། ལྕམ་ཐེ་རི་ས་མཱེ་ཡིས་དེ་སྔོན་ནང་སྲིད་བློན་ཆེན་གྱི་ལས་ཁུར་བླངས་སྐབས། ཉེན་རྟོག་ལས་ཁང་ནས་ཉེན་རྟོག་པའི་གྲངས་འབོར་ཁྲི་གཉིས་ཉུང་དུ་བཏང་བར་འགན་ཡོད་སྐོར་གྱི་སྐྱོན་བརྗོད་བྱས་ཡོད་འདུག
ལྕམ་ཐེ་རི་ས་མཱེ་ཡིས་རང་ཉིད་ལ་སྐྱོན་བརྗོད་ཀྱི་ཁ་འགོག་ཆེད། ཟླ་འདིའི་ཚེས་༦ ཉིན་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་བྱེད་པར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་དེ་བཀག་རྡོ་ཞིག་ཆགས་ཀྱི་ཡོད་ན། ཁྲིམས་ཀྱང་འགྱུར་བ་གཏང་རྒྱུ་ཡིན་སྐོར་དང་། མོ་སྲིད་བློན་ལ་བསྐྱར་དུ་འདེམས་ཐོན་བྱུང་ཚེ། འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ལ་འཇུག་པའི་ཉེས་པ་ར་སྤྲོད་བྱུང་མཁན་རྣམས་བཙོན་འཇུག་གི་དུས་ཡུན་རིང་དུ་གཏོང་ཐབས། དེ་བཞིན་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་དོགས་པ་ཡོད་མཁན་ཚོ། དབྱིན་ཡུལ་ནས་ཕྱིར་སྐྲོད་བྱ་རྒྱུ་ལས་སླ་རུ་གཏོང་ཐབས་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
དེ་བཞིན་མོས་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་དོགས་པ་ཡོད་མཁན་མི་རྣམས་ཉེན་ཁ་ཡིན་པའི་དཔང་རྟགས་ཡོད་ཀྱང་། ཁྲིམས་གཏུག་བྱེད་པའི་ཁུངས་སྐྱེལ་དཔང་རྟགས་མེད་ན། དེ་ཚོའི་འགྲོ་བསྐྱོད་ཀྱི་རང་དབང་འགོག་ཐུབ་པ་བྱེད་དགོས་པ་དང་། གལ་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཀྱིས་དེ་ལྟར་བྱེད་པར་བཀག་གི་ཡོད་ཚེ། ཁྲིམས་དེ་འགྱུར་བ་བཏང་ནས་དེ་ལྟར་བྱེད་ཐུབ་པ་བཟོ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
སྤྱིར་བཏང་དབྱིན་ཡུལ་གྱི་བདེ་སྲུང་ལས་ཁུངས་ལ་འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་ཆེད་དབང་ཚད་ཁྱབ་ཆེན་པོ་ཡོད་པས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་དབང་ཚད་དེ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ནང་དབང་ཚད་སྡུག་རྩུབ་ཆེ་ཤོས་ཡིན་པའི་སྐྱོན་བརྗོད་བྱས་ཡོད་འདུག
དེ་སྔོན་ལྕམ་མཱེ་ཡིས་དབྱིན་ཡུལ་གྱིས་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་ནས་ཕྱིར་འཐེན་བྱེད་དགོས་སྐོར་དགོས་འདུན་ཡང་འདོན་མྱོང་ཡོད་པ་རེད། དེ་ཡང་ཡུ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ཁང་གིས། གལ་ཏེ་ཕྱི་མི་ཞིག་ཡོངས་ཁུངས་ཀྱི་རྒྱལ་ཁབ་ལ་ཕྱིར་སྐྲོད་བྱས་ཚེ། དོ་བདག་དེར་སྡུག་སྦྱོང་ངམ་སྲོག་ཐོག་གི་ཉེས་ཆད་ཕོག་པའི་ཉེན་ཁ་ཡོད་ཚེ། ཕྱིར་སྐྲོད་བྱེད་མི་ཆོག་པའི་ཁྲིམས་ཐག་བཅད་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།