དབྱིན་ཡུལ་ནང་རྙིང་ཞེན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག 

ཡུ་རོབ་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་རྙིང་ཞེན་ཚོགས་པར། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པའི་རྐུབ་སྟེགས་མང་པོ་ཤོར་འདུག 

ཡུ་རོབ་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་མཁན་རྙིང་ཞེན་ཚོགས་པར། དབྱིན་ཡུལ་གྱི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། ཕྱོགས་འགལ་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པའི་རྐུབ་སྟེགས་མང་པོ་ཤོར་འདུག 

སྲིད་བློན་བྷོ་རི་སེ་ཇོན་སོན།

སྤྱིར་བཏང་བྱས་ན་གྲོས་ཚོགས་ཀྱི་ལས་ཡུན་ལ་གཞིགས་ནས་དབྱིན་ཡུལ་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་དེ་ཕྱི་ལོ་༢༠༢༢ ལོར་འཁེལ་གྱི་ཡོད་པ་རེད་དེ། ཟླ་༧ པའི་ནང་གསར་དུ་འདེམས་ཐོན་བྱུང་བའི་དབྱིན་ཡུལ་གྱི་སྲིད་བློན་དང་རྙིང་ཞེན་སྲིད་དོན་ཚོགས་པའི་འགོ་ཁྲིད་བྷོ་རི་སེ་ཇོན་སོན་གྱིས། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱས་པའི་རྗེས་སུ་དབྱིན་ཡུལ་དང་ཡུ་རོབ་མཐུན་ཚོགས་བར་གྱི་འབྲེལ་ལམ་གྲོས་མཐུན་གསར་པ་དེ། དབྱིན་ཡུལ་གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཆེད་དུ། ཁོང་གི་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་དགོས་རྒྱུ་གལ་ཆེན་ཆགས་ཡོད་པ་རེད། རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་པའི་གྲོས་འཆར་ཐེངས་བཞི་བཏོན་རྗེས། ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མི་ཚོས་རྒྱབ་སྐྱོར་བྱས་ཡོད་པས། ཟླ་༡༢ པའི་ཚེས་༡༢ ཉིན་དབྱིན་ཡུལ་ནང་དུ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱས་ཡོད་པ་དང་། འོས་བསྡུ་དེ་ཡང་ལོ་ལྔ་ལས་ཉུང་བའི་ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད་འདུག 

འོས་བསྡུའི་གྲུབ་དོན་དུ་རྙིང་ཞེན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་༣༦༠ ལས་མང་བ་ཐོབ་པ་དེ་རྐུབ་སྟེགས་མང་མོས་ཀྱི་ཚད་གཞི་༣༢༦ ལས་མང་བ་བརྒལ་ཡོད་པས། དེ་སྔོན་འོས་བསྡུའི་སྐབས་སུ་རྙིང་ཞེན་ཚོགས་པའི་འགོ་ཁྲིད་དང་སྲིད་བློན་བྷོ་རི་སེ་ཇོན་སོན་གྱིས། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཁས་ལེན་གཙོ་བོ་ནི། དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་ལྟར། ཐེངས་འདིར་ཁོང་གི་སྲིད་དོན་ཚོགས་པར་མང་མོས་ལས་མང་བའི་རྐུབ་སྟེགས་ཐོབ་ཡོད་པ་རེད། ཁས་ལེན་དེ་སྒྲུབ་པར་ཕྱོགས་འགལ་ཚོགས་པ་ཚོས་གྲོས་ཚོགས་ནང་འོས་ཤོག་བླུགས་ནས་བཀག་འགོག་བྱེད་རྒྱུའི་ལམ་ཁ་མེད་པ་ཆགས་ཡོད་པ་རེད། ཁོང་གིས་མི་མང་གིས་སྲིད་གཞུང་ལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་དབང་ཚད་མཐོན་པོ་སྤྲད་ཡོད་པ་དང་། འོས་བསྡུར་མཉམ་ཞུགས་བྱེད་མཁན་མི་མང་ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་སྐོར་བརྗོད་འདུག 

ཕྱོགས་འགལ་སྲིད་དོན་ཚོགས་པ་གཙོ་བོ་ངལ་རྩོལ་ཚོགས་པའི་ལོ་མང་རིང་ནས་བཟུང་བའི་ས་ཚིགས་ཁག་ནས། རྙིང་ཞེན་ཚོགས་པར་རྒྱལ་ཁ་ཐོབ་ནས་རྐུབ་སྟེགས་མང་པོ་ཤོར་འདུག་པས། སྲིད་དོན་ཚོགས་པའི་ཚོགས་མི་ཁག་ཅིག་གིས་འགོ་ཁྲིད་རྣམས་ཀྱི་ནོར་འཁྲུལ་ཤོར་བ་ཡིན་སྐོར་བརྗོད་བཞིན་འདུག དེ་ཡང་ངལ་རྩོལ་ཚོགས་པས་འོས་བསྡུའི་དྲིལ་བསྒྲགས་སྐབས་སུ་གཙོ་བོ་སྤྱི་ཚོགས་ཀྱི་བདེ་དོན་སྐོར་ལ་ལས་འགུལ་སྤེལ་ཡོད་པ་དང་། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་སྐོར་ལ་ལྟ་བ་ལངས་ཕྱོགས་མངོན་གསལ་དོད་པོ་དང་བརྟན་པོ་ཞིག་ཕྱིར་བསྒྲགས་བྱས་མེད་པས། འོས་བསྡུར་ཕམ་ཁ་བྱུང་བར་ངོས་འཛིན་བྱེད་བཞིན་འདུག ཚོགས་པ་དེའི་འགོ་ཁྲིད་ཁོར་བྷེན་གྱི་རྐུབ་སྟེགས་ཤོར་མེད་ཀྱང་། སྲིད་དོན་ཚོགས་པར་ཕམ་ཁ་ཆེན་པོ་བྱུང་བས། ཁོང་གིས་སྐབས་རྗེས་མའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་སྐབས་སུ་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་བྱེད་རྒྱུ་མིན་སྐོར་བསྒྲགས་འདུག ཐེངས་འདིའི་ཕམ་ཁ་དེ་ནི་དམག་ཆེན་གཉིས་པའི་རྗེས་སུ། སྲིད་དོན་ཚོགས་པ་དེར་ཕམ་ཁ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་འདུག 

དབྱིན་ཡུལ་གྱི་ཆ་ཤས་སུ་ཡིན་པའི་སེ་ཁོཊ་ལན་ཌ་རྒྱལ་ཁབ་ནང་དུ། སེ་ཁོཌ་ཀན་ཌའི་རྒྱལ་ཡོངས་སྲིད་དོན་ཚོགས་པར་རྒྱལ་ཁ་ཆེན་པོ་ཐོབ་འདུག་པ་དང་། ཁུལ་དེར་མི་མང་གིས་ཡུ་རོབ་མཐུན་ཚོགས་ནང་དུ་མུ་མཐུད་གནས་རྒྱུར་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་པས། རྒྱལ་ཁ་ཐོབ་མཁན་སྲིད་དོན་ཚོགས་པ་དེའི་འགོ་ཁྲིད་ལྕམ་ནཱི་ཁོ་ལ་སེ་ཊོར་ཇེན་གྱིས། ཁུལ་དེའི་འོས་བསྡུའི་གྲུབ་དོན་གྱིས་དབྱིན་ཡུལ་གྱི་རྙིང་ཞེན་ཚོགས་པའི་འགོ་ཁྲིད་ཇོན་སོན་གྱི་སྲིད་གཞུང་ལ། སེ་ཁོཊ་ལན་ཌ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་པའི་དབང་ཚད་སྤྲད་མེད་པ་གསལ་པོ་ཡིན་པ་དང་། མ་འོངས་པར་རྒྱལ་ཁབ་དེའི་མདུན་ལམ་ཐོག་སོ་སོའི་འདམ་ག་བྱེད་པའི་རྒྱབ་སྐྱོར་ཤུགས་ཆེན་གྱི་རྣམ་པ་ཡང་བསྟན་ཡོད་སྐོར་བརྗོད་འདུག 

ཡུ་རོབ་མཐུན་ཚོགས་ཀྱིས་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཟླ་༡༠ པའི་ཚེས་༣༡ ནས་ཕྱི་ལོ་༢༠༢༠ ལོའི་ཟླ་༡ པའི་ཚེས་༣༡ བར་དུས་འགྱངས་བྱེད་རྒྱུ་ཁས་ལེན་བྱས་ཡོད་པ་དང་། གལ་ཏེ་དེའི་སྔོན་དུ་ཕྱིར་འཐེན་གྱི་གྲོས་མཐུན་ལ་གྲོས་ཚོགས་ནས་མང་མོས་རྒྱབ་སྐྱོར་ཐོབ་ཚེ། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་ཆོག་པ་ཡིན་འདུག 

ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་ཡོད་པ་རེད། དེའི་རྗེས་སྲིད་བློན་ལྕམ་ཐེ་རི་ས་མཱེ་ཡང་གྲོས་ཚོགས་ནང་ཁོང་གི་གྲོས་མཐུན་ལ་རྒྱབ་སྐྱོར་མ་ཐོབ་པས་དགོངས་པ་ཞུས་ཡོད་པ་དང་། དེའི་རྗེས་སུ་ད་ལྟའི་སྲིད་བློན་བྷོ་རི་སེ་ཇོན་སོན་རྙིང་ཞེན་ཚོགས་པའི་འགོ་ཁྲིད་དུ་འདེམས་ཐོན་བྱུང་ནས། དབྱིན་ཡུལ་གྱི་སྲིད་བློན་ཆགས་ཡོད་པ་རེད་ལ། ཐེངས་འདིའི་འོས་བསྡུའི་རྒྱལ་ཁ་ལ་བརྟེན་ནས་ལོ་ལྔ་རིང་བསྐྱར་དུ་སྲིད་བློན་བྱེད་རྒྱུ་ཡིན་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།