དབྱིན་ཡུལ་བུད་མེད་རུ་ཁག་ལ་ཡུ་རོབ་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་ཐོབ་འདུག
ཕྱི་ལོ་༢༠༢༢ ལོའི་ཡུ་རོབ་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་གྱི་མཐའ་མའི་རྒྱལ་ཁ་དེ་དབྱིན་ཡུལ་རུ་ཁག་གིས་བླངས་འདུག་པ་དང་། དེ་ནི་ལོ་རྒྱུས་ནང་དབྱིན་ཡུལ་གྱི་བུད་མེད་རུ་ཁག་ལ་རྩེད་འགྲན་ཆེན་མོ་ཞིག་གི་མཐའ་མའི་རྒྱལ་ཁ་ཐོབ་པ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག
དེ་ཡང་ཟླ་༧ པའི་ཚེས་༦ ནས་༣༡ བར་དབྱིན་ཡུལ་དུ་ཕྱི་ལོ་༢༠༢༢ ལོའི་ཡུ་རོབ་ཀྱི་བུ་མེད་རྐང་སྤོལ་རྩེད་འགྲན་གོ་སྒྲིག་བྱས་ཡོད་འདུག་པ་དང་། དེའི་ནང་དུ་རྒྱལ་ཁབ་༡༦ གི་བུད་མེད་རྐང་སྤོལ་རུ་ཁག་མཉམ་ཞུགས་བྱས་འདུག་པ་དང་། ཚེས་༣༡ ཉིན་མཐའ་མའི་རྟིང་རྩོད་ཀྱི་རྩེད་འགྲན་དེ་དབྱིན་ཡུལ་དང་འཇར་མན་གྱི་རུ་ཁག་གཉིས་བར་བྱས་ཏེ། རྩེད་འགྲན་གྱི་དངོས་གཞི་དུས་ཡུན་སྐར་མ་༩༠ རྫོགས་དུས་ཕྱོགས་གཉིས་ཀས་སྤོ་ལོ་གཅིག་རེ་བླུགས་འདུག་པས། དུས་ཚོད་འཕར་མ་སྐར་མ་༣༠ སྤྲད་ནས་རྩེད་འགྲན་བྱས་སྐབས། དབྱིན་ཡུལ་རུ་ཁག་གིས་སྤོ་ལོ་གཅིག་བླུགས་ཐུབ་ནས་མཐའ་མའི་རྒྱལ་ཁ་དེ་དབྱིན་ཡུལ་རུ་ཁག་གིས་བླངས་ཡོད་པ་རེད་འདུག
འདི་ལོའི་ཡུ་རོབ་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་དེ་ལོ་རྒྱུས་ནང་བུད་མེད་ཀྱི་རྐང་སྤོལ་རྩེད་འགྲན་ལ་དོ་སྣང་ཆེ་ཤོས་བྱེད་ཡུལ་ཞིག་ཏུ་ཆགས་ཡོད་ཁར། དབྱིན་ཡུལ་དང་འཇར་མན་གྱི་མཐའ་མའི་རྩེད་འགྲན་སྐབས་སུ་རྩེད་རར་ལྟད་མོ་བ་གྲངས་༨༧,༡༩༢ སླེབས་ནས། ད་བར་སྐྱེས་པ་དང་བུད་མེད་གཉིས་ཀྱི་ཡུ་རོབ་རྐང་སྤོལ་རྩེད་འགྲན་སྐབས་སུ། ལྟད་མོ་བའི་གྲངས་མཐོ་ཤོས་དེ་ཆགས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཞག་འདུག
ལོ་བཞི་རེའི་མཚམས་སུ་གོ་སྒྲིག་བྱེད་ཀྱི་ཡུ་རོབ་ཀྱི་བུད་མེད་རྐང་སྤོལ་རྩེད་འགྲན་དེ་ད་བར་ཐེངས་༡༣ གོ་སྒྲིག་བྱས་ཟིན་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ནང་རུ་ཁག་༡༦ གི་ས་མིག་ཡོད་ཀྱང་། རྒྱལ་ཁབ་༤༨ ཀྱི་རུ་ཁག་གིས་ཐོ་འགོད་བྱས་འདུག་པས། དེ་དག་ཁོངས་ནས་རྩེད་འགྲན་གོ་སྒྲིག་བྱེད་མཁན་དབྱིན་ཡུལ་གྱི་རུ་ཁག་རང་བཞིན་གྱིས་ཚུད་ཀྱི་ཡོད་འདུག ས་མིག་ལྷག་མ་༡༥ ཡི་ཆེད་དུ་རུ་ཁག་༤༧ གྱིས་ཕན་ཚུན་རྩེད་འགྲན་བྱས་ཡོད་པ་རེད་འདུག སྤྱིར་བཏང་ཨུ་རུ་སུའི་བུད་མེད་རྐང་སྤོལ་རུ་ཁག་རྩེད་འགྲན་ནང་དུ་ཚུད་ཡོད་ཀྱང་། ཨུ་རུ་སུས་ཡུག་ཀེ་རན་ལ་བཙན་འཛུལ་བྱས་རྐྱེན་ཡུ་རོབ་རྐང་སྤོལ་ལྷན་ཚོགས་ཀྱིས་ཨུ་རུ་སུའི་རྐང་སྤོལ་རུ་ཁག་ཚང་མ་ཡུ་རོབ་ཀྱི་རྩེད་འགྲན་ཡོངས་རྫོགས་ནས་བཀག་སྡོམ་བྱེད་རྒྱུའི་གསལ་བསྒྲགས་བྱས་རྐྱེན། ཨུ་རུ་སུའི་རྐང་སྤོལ་རུ་ཁག་མཉམ་ཞུགས་བྱས་ཐུབ་མེད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།