དབྱིན་ཡུལ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་དུས་འགྱངས་ཡོང་ཐབས་བྱེད་བཞིན་འདུག
དབྱིན་ཡུལ་གྱི་གྲོས་ཚོགས་ནས་རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་རྒྱུའི་དུས་བཀག་ཚེས་གྲངས་དེ་འགྱངས་རྒྱུའི་གྲོས་ཆོད་ལ། རྒྱབ་སྐྱོར་ཆེན་པོ་བྱས་འདུག་ཀྱང་། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་གྲོས་མཐུན་ལ་བསྐྱར་དུ་རྒྱབ་སྐྱོར་ཐོབ་མེད་པ་མ་ཟད། མང་མོས་འོས་བསྡུ་ཐག་གཅོད་ཐེངས་གཉིས་པ་ཞིག་བྱེད་རྒྱུ་ལ་ཡང་རྒྱབ་སྐྱོར་ཐོབ་མེད་པ་རེད་འདུག
ཟླ་༣ པའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཡུ་རོབ་མཐུན་ཚོགས་ཀྱི་གྲོས་དོན་ཡིག་ཆ་༥༠ པ་ལྟར་བྱས་ན་ཟླ་༣ པའི་ཚེས་༢༩ ཉིན་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་དངོས་སུ་ཕྱིར་འཐེན་བྱེད་དགོས་པ་ཡིན་ཡང་། ད་བར་སྲིད་བློན་ལྕམ་མཱེ་ཡིས་ཡུ་རོབ་མཐུན་ཚོགས་དང་གྲོས་མཐུན་བཞག་པའི་ཡིག་ཆར། གྲོས་ཚོགས་ནས་ཐེངས་གཉིས་རྒྱབ་སྐྱོར་ཐོབ་མེད་ཁར། ཡུ་རོབ་མཐུན་ཚོགས་ནས་གྲོས་མཐུན་མེད་པར་ཕྱིར་འཐེན་བྱེད་རྒྱུའི་གྲོས་ཆོད་ལ་ཡང་རྒྱབ་སྐྱོར་ཐོབ་མེད་པ་དང་། དེའི་ཐོག་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུ་ཐག་གཅོད་ཐེངས་གཉིས་པ་བྱེད་རྒྱུའི་ཐད་ལ་ཡང་རྒྱབ་སྐྱོར་ཐོབ་མེད་པས། གྲོས་ཚོགས་དང་འཛིན་སྐྱོང་
བར་གྱི་དགག་རྡོ་ཆེན་པོ་དེ་མེད་པ་བཟོ་བའི་ཐབས་ལམ་ཞིག་རྙེད་པའི་རྣམ་པ་ཐོན་རྒྱུ་མེད་པས། གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཕྱིར་འགྱངས་ཡོང་ཐབས་བྱེད་རྒྱུར། འཐུས་མི་༤༡༢ ཀྱིས་རྒྱབ་སྐྱོར་དང་༢༠༢ ཀྱིས་དགག་བྱ་བྱས་ཏེ། ཕྱིར་འགྱངས་ཡོང་ཐབས་བྱེད་རྒྱུར་རྒྱབ་སྐྱོར་ཐོབ་ཡོད་པ་རེད་དེ། ཕྱིར་འགྱངས་ཡོང་བ་ལ་དབྱིན་ཡུལ་མ་རྩིས་པའི་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་༢༧ གྱིས་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཡོང་དགོས་འདུག་པས། དེ་ལྟར་ཡོང་མིན་ཟླ་༣ པའི་ཚེས་༢༡ ནས་༢༢ བར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་འདུའི་སྐབས་ཤེས་རྟོགས་ཡོང་རྒྱུ་རེད་འདུག
དེ་ཡང་གྲོས་ཚོགས་ནས་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་གྱི་དུས་བཀག་ཚེས་གྲངས་དེ་ཟླ་༦ པའི་ཚེས་༣༠ བར་དུས་འགྱངས་ཡོང་ཐབས་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག འོན་ཀྱང་ཟླ་༣ པའི་ཚེས་༢༠ ཡི་སྔོན་དུ་ལྕམ་མཱེ་ཡི་གྲོས་མཐུན་གསར་པར་གྲོས་ཚོགས་ནས་བསྐྱར་དུ་རྒྱབ་སྐྱོར་མ་ཐོབ་ཚེ། དུས་འགྱངས་དེ་རྒྱུན་རིང་དུ་འགྲོ་སྲིད་པ་རེད་འདུག
དེ་ཡང་ཟླ་༡ པོའི་ནང་སྲིད་བློན་ལྕམ་མཱེ་ཡི་གྲོས་མཐུན་ལ། དབྱིན་ཡུལ་གྱི་གྲོས་ཚོགས་ནང་ འཐུས་མི་༤༣༢ ཀྱིས་དགག་པ་བརྒྱབ་ཡོད་ཁར། གྲོས་ཚོགས་འཐུས་མི་༢༠༢ ཀྱིས་རྒྱབ་སྐྱོར་བྱས་ནས། གྲོས་མཐུན་དེར་ཕམ་ཁ་ཆེན་པོ་བྱུང་འདུག ཕམ་ཁ་ཆེན་པོ་དེ་ནི་དུས་རབས་ཉེར་གཅིག་ནང་དབྱིན་ཡུལ་གྱི་གཞུང་ཞིག་ལ་གྲོས་ཚོགས་ནང་ཕམ་ཁ་ཆེ་ཤོས་ཡིན་འདུག དེ་བཞིན་ཟླ་༢ པའི་ནང་ལྕམ་མཱེ་ཡི་གྲོས་མཐུན་གསར་པར་བསྐྱར་དུ་གྲོས་ཚོགས་ནང་། འཐུས་མི་༣༩༡ ཀྱིས་དགག་བྱ་བྱས་ཡོད་ཁར་༢༤༢ ཡིས་རྒྱབ་སྐྱོར་བྱས་ཏེ་ཕམ་ཁ་བྱུང་ཡོད་པ་རེད།
ཕྱི་ལོ་༢༠༡༦ ལོའི་ཟླ་༦ པའི་༢༥ ཉིན་དབྱིན་ཡུལ་མི་མང་གིས། རྒྱལ་ཁབ་དེ་ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་བྱེད་དགོས་མིན་ཐད་མང་མོས་འོས་བསྡུའི་ཐག་གཅོད་བྱས་ཏེ། གྲུབ་དོན་དུ་མི་མང་བརྒྱ་ཆ་༥༢ ལྷག་གིས་ཕྱིར་འཐེན་བྱེད་རྒྱུར་རྒྱབ་སྐྱོར་བྱས་ཏེ་རྒྱལ་ཁ་ཐོབ་ཡོད་པ་རེད། སྐབས་དེའི་སྲིད་བློན་ཁེ་མུ་རོན་ནི་ཡུ་རོབ་མཐུན་ཚོགས་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པས། མཐུན་ཚོགས་ནས་ཕྱིར་འཐེན་གྱི་ལས་དོན་བྱེད་ཐབས་མེད་སྐོར་བརྗོད་ནས། ལས་གནས་ནས་དགོངས་པ་ཞུས་པས། ཟླ་༧ པའི་ཚེས་༡༣ ཉིན་དབྱིན་ཡུལ་གྱི་གཞུང་འཛིན་ཚོགས་པས་རྒྱལ་ཁབ་ཀྱི་སྲིད་བློན་ལ་ལྕམ་ཐེ་རི་སཱ་མཱེ་བསྐོ་གཞག་བྱས་ཡོད་པ་རེད།
ཡུ་རོབ་མཐུན་ཚོགས་ནས་ཚོགས་མི་རྒྱལ་ཁབ་གཅིག་ཕྱིར་འཐེན་བྱེད་རྒྱུ་ཡིན་ཚེ། གྲོས་དོན་ཡིག་ཆ་༥༠ ལྟར་ཕྱིར་འཐེན་གྱི་སྙན་ཞུ་རྒྱག་དགོས་ཀྱི་ཡོད་པ་དང་། དེའི་རྗེས་ཀྱི་ལོ་གཉིས་ནང་ཚུད་དུ་ཕྱིར་འཐེན་གྱི་གྲོས་མོལ་བྱས་ཏེ་དུས་བཀག་ཚེས་གྲངས་ཉིན་ཕྱིར་འཐེན་དངོས་སུ་བྱེད་དགོས་ཀྱི་ཡོད་འདུག་པས། དབྱིན་ཡུལ་གྱི་སྲིད་བློན་ལྕམ་མཱེ་ཡིས་ཕྱི་ལོ་༢༠༡༧ ལོའི་ཟླ་༣ པའི་ཚེས་༢༩ ཉིན་ཕྱིར་འཐེན་གྱི་སྙན་ཞུའི་ཐོག་མིང་རྟགས་བཀོད་ཡོད་པས། ཕྱི་ལོ་༢༠༡༩ ལོའི་ཟླ་༣ པའི་ཚེས་༢༩ ཉིན་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནས་དངོས་སུ་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པ་རེད་དེ། ད་ལྟའི་ཆར་དེ་ལྟར་ཡོང་ཐབས་ཁག་པོ་ཆགས་ཡོད་པ་རེད།
སྤྱིར་དབྱིན་ཡུལ་དེ་ཡུ་རོབ་མཐུན་ཚོགས་ནང་ཕྱིར་འཐེན་བྱེད་དགོས་དོན་དེ། རྒྱལ་ཁབ་ཀྱི་ཚོང་འབྲེལ་དང་གནས་སྤོ་བ། བདེ་སྲུང་སོགས་ཀྱི་སྲིད་བྱུས་རྣམས་ཡུ་རོབ་མཐུན་ཚོགས་ལ་བསྟུན་མི་དགོས་པར་འཇོག་ཐབས་དང་། མི་མང་ལ་ལས་ཀའི་གོ་སྐབས་བསྐྲུན་ནས་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་སོགས་ཡིན་སྐོར་བསྒྲགས་བཞིན་ཡོད་ཀྱང་། དཔྱད་བརྗོད་པ་མང་པོ་ཞིག་གིས། ཕྱི་ལོ་༢༠༡༦ ལོ་ནས་ཡུ་རོབ་དང་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་མི་རིགས་རིང་ལུགས་ཀྱི་ལྟ་བ་ཁྱབ་སྤེལ་འགྲོ་བཞིན་ཡོད་ཁར། སྐྱབས་བཅོལ་བ་ས་ཡ་མང་པོ་ཡུ་རོབ་ནང་སླེབས་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་ནས་ཕྱིར་འཐེན་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས། དབྱིན་ཡུལ་ནང་ཕྱི་མི་དང་སྐྱབས་བཅོལ་བ་འགོག་ཐབས་ཆེད་དུ་འོས་ཤོག་འཕངས་པ་ཡིན་པ་ལས། ཕྱིར་འཐེན་དེའི་དགོས་པ་དངོས་དང་མཇུག་འབྲས་སྐོར་ལ་གོ་རྟོགས་མཐིལ་ཕྱིན་པ་མེད་སྐོར་བརྗོད་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།