དབྱིན་ཡུལ་སྐུ་ཚབ་དོན་དཔྱོད་ནས་རྒྱ་དཔོན་ཝིག་ཊོར་གའོ་དྲི་བ་དྲིས་པ།
འདས་པའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་། རྒྱ་ནག་གི་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱིས་རྒྱ་ནག་གི་གནས་བབ་བརྟན་པོ་བཟོས་ཡོད་ན་ཡང། རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་དང་དམག་དོན་གྱི་སྟོབས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན། རྒྱལ་ཁབ་ཁག་གི་འགལ་ཟླ་ཇེ་ཆེ་རུ་ཕྱིན་པ་དང་། ལྷག་པར་དུ་རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་སྲིད་པའི་དངངས་སྐྲག་དེ་སྔར་ལས་ཆེ་རུ་འགྲོ་བཞིན་པ་མ་ཟད། བོད་དང་ཡུ་གུར་དེ་བཞིན་ཧོང་ཀོང་སོགས་ལ་མི་སྤྱོད་ལས་འདས་པའི་བཙན་གནོན་དང་། རྒྱ་ནག་གི་ནང་ཁུལ་དུ་ཡང་སྨྲ་བརྗོད་རང་དབང་སོགས་ལ་དམ་དྲག་བྱེད་ཀྱི་ཡོད་པར་བརྟེན། ཉེ་ཆར་(Al Jazeera) ་གསར་ཁང་གི་གསར་འགོད་པ་(Mehdi Hasan) ་གྱིས་རྒྱ་ནག་གི་སྲིད་ཟུར་པ་ཏེང་ཞའོ་ཕིང་གི་སྐད་སྒྱུར་བ་བྱེད་མྱོང་མཁན་དང་། རྒྱ་ནག་དང་གོ་ལ་གཅིག་གྱུར་ལྟེ་གནས་ཁང་གི་ཚོགས་གཙོ་གཞོན་པ་ཝིག་ཊོར་གའོ་(Victor Gao) ་དང་མཉམ་དུ། སྲིད་འཛིན་ཞི་ཅིན་ཕིང་གི་དབང་སྒྱུར་དང་རྒྱ་ནག་གི་ཕྱི་འབྲེལ་སྲིད་བྱུས་སོགས་ཀྱི་ཐོག་ལ་ཐད་ཀར་བགྲོ་གླེང་ཞིག་བྱས་འདུག
སྐབས་དེར་ཚོགས་བཅར་བ་བོད་དང་ཡུ་གུར། དེ་བཞིན་ཧོང་ཀོང་སོགས་རྒྱ་ནག་གི་དབང་སྒྱུར་དང་བཙན་གནོན་འོག་ཏུ་ཡོད་པའི་མི་རིགས་ཚོའི་འཐུས་མི་སོགས་ཡོད་འདུག་པ་བཞིན། བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ནས། རྒྱ་གཞུང་གིས་བཙན་འཛུལ་མ་བྱས་གོང་དུ་ང་བོད་ལ་སྐྱེས་པ་རེད། བློ་ཕམ་པ་ཞིག་ལ་རྒྱ་གཞུང་གི་བཙན་འཛུལ་འོག་བོད་མི་ས་ཡ་༡༢ འདས་གྲོངས་སུ་ཕྱིན་པ་མ་ཟད་ང་ཚོ་སྐྱབས་བཅོལ་བ་བཟོས་པ་རེད། རྒྱ་གཞུང་གིས་བོད་དབང་སྒྱུར་བྱས་ནས་ལོ་ངོ་༧༤ འགྲོ་བཞིན་ཡོད་ན་ཡང་ད་དུང་དམ་དྲག་འོག་གནས་ཡོད་རེད། བོད་ནང་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ། ཐ་ན་བོད་མི་ཚོ་སོ་སོའི་ནང་མི་ཐུག་འཕྲད་དུ་ཡང་གཏོང་གི་ཡོད་མ་རེད། རྒྱ་གཞུང་གིས་བོད་ལ་དེ་འདྲ་དམ་དྲག་བྱས་ནས་སྐྲག་དགོས་དོན་གང་ཡིན། བོད་མི་ཚོ་སོ་སོའི་ལུང་པའི་ནང་མི་སྤྱོད་ལས་འདས་པའི་གནས་སྟངས་འོག་བསྡད་དགོས་དོན་གང་རེད་ཅེས་དྲིས་པར། ཝིག་ཊོར་གའོ་ཟེར་བ་དེས་ཡོན་རྒྱལ་རབས་ནས་བཟུང་། ཡང་ན་དེའི་སྔོན་ནས་ཀྱང་། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན། རྒྱལ་རབས་འདྲ་མིན་དང་ལོ་རྒྱུས་ཀྱི་དུས་སྐབས་འདྲ་མིན་གྱི་བརྒྱུད་རིམ་ནང་། ངས་ཁྱེད་རང་ལ་ཁས་ལེན་ཐུབ་པ་ཞིག་ལ། ང་ཚོའི་མི་ཚེའི་རིང་ལ་བོད་དེ་རྟག་ཏུ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་རྒྱུ་རེད།
བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པ་དེ་ཁྱེད་རང་གིས་དགའ་མི་དགའ་ལ་རག་ལས་པ་མ་རེད། གལ་ཏེ་ཁྱེད་རང་རྒྱ་ནག་ལ་རང་དབང་ངང་ཕྱིར་ལོག་འདོད་ན། གལ་ཏེ་ཁྱེད་རང་བོད་ལ་ཕྱིར་ལོག་འདོད་ན། བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པ་ངོས་ལེན་བྱེད་དགོས། རྒྱ་ནག་གིས་སུ་ཞིག་ནས་བོད་རང་བཙན་གྱི་རྒྱབ་སྐྱོར་བྱེད་པར་མཐོང་འདོད་ཡོད་མ་རེད་ཅེས་ལན་འདེབས་བྱས་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།