དམ་དྲག་གི་རྒྱབ་ལྗོངས་དེ་ཞེད་སྣང་རེད།

ད་ལྟའི་ཆར་རྒྱ་དམར་གཞུང་ངོས་ནས་བོད་ལ་སྲིད་བྱུས་མཁྲེགས་ནས་མཁྲེགས་སུ་གཏོང་བཞིན་ཡོད་པ་དང་། དེ་ཡང་བོད་ཙམ་མ་ཡིན་པར་ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན་སོགས་སུའང་སྲིད་བྱུས་ཇེ་མཁྲེགས་སུ་བཏང་ཡོད།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༧༧༨   ཕྱི་ལོ་ ༢༠༡༩/༡༡ /༢༠   

ད་ལྟའི་ཆར་རྒྱ་དམར་གཞུང་ངོས་ནས་བོད་ལ་སྲིད་བྱུས་མཁྲེགས་ནས་མཁྲེགས་སུ་གཏོང་བཞིན་ཡོད་པ་དང་། དེ་ཡང་བོད་ཙམ་མ་ཡིན་པར་ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན་སོགས་སུའང་སྲིད་བྱུས་ཇེ་མཁྲེགས་སུ་བཏང་ཡོད། དེང་སྐབས་རྒྱལ་སྤྱིའི་ཐོག་ནས་ཀྱང་རྒྱ་གཞུང་ལ་འཛིན་པའི་སྲིད་བྱུས་ཇེ་མཁྲེགས་སུ་འགྲོ་བཞིན་ཡོད་པ་སོགས་ཕྱོགས་ཡོངས་ནས་རྒྱ་ནག་གི་གནས་སྟངས་དེ་མི་འདྲ་བ་ཞིག་ཏུ་འགྱུར་བཞིན་ཡོད་པ་དང་། ཅིག་བྱས་ན་རྒྱ་དམར་གཞུང་གི་སྲིད་དབང་ལ་འཕོ་འགྱུར་ཆེན་པོ་ཞིག་འགྲོ་བའི་རྐྱེན་རྩ་རུ་འགྱུར་སྲིད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་“སྐབས་རེ་རྒྱ་ནག་དམར་ཤོག་གི་ཚེ་ཚད་ལས་ཁོང་གི་སྐུ་ཚེ་རིང་བར་བཞུགས་ཐུབ་རྒྱུའི་ཐུགས་རེ་ཡོད་པ་མ་ཟད།  རྒྱ་ནག་ནང་འགྱུར་བ་ཏན་ཏན་ཡོང་རྒྱུ་ཡིན་པའི་ཐུགས་སྤོབས་བརྒྱ་ཆ་བརྒྱ་ནས་བརྒྱ་ཡོད་”ཅེས་ཉེ་ཆར་བཀའ་སློབ་བསྩལ་ཡོད་པ་ལྟར། རྒྱ་དམར་གཞུང་གིས་རང་ཉིད་ཀྱི་སྟངས་འཛིན་འོག་ཡོད་པའི་ས་གནས་ཁག་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པ་ནི། གདེང་ཚོད་ཀྱི་ཐོག་ནས་མ་ཡིན་པར་ཞེད་སྣང་གི་ཐོག་ནས་བྱུང་བ་རེད།

བོད་ནང་དུ་ལོ་སྔོན་མའི་ལོ་མཇུག་ནས་བོད་མི་ཕྱི་བསྐྱོད་ལག་འཁྱེར་ཡོད་མཁན་ཕལ་མོ་ཆེའི་ལག་འཁྱེར་རྒྱ་གཞུང་གིས་བཙན་འཕྲོག་བྱས་ནས་ད་བར་ཕྱིར་སྤྲད་མི་འདུག དེ་བཞིན་ཁམས་དང་། ཨ་མདོའི་ས་ཆ་ས་ནས་ལྷ་སར་འགྲོ་མཁན་ཚང་མས་ཆོག་མཆན་དམིགས་བསལ་མང་པོ་ཞིག་ཞུ་དགོས་པ་སོགས་འགྲོ་འདུག་རང་དབང་ཙམ་ཡང་མེད། ཁྱད་མཚར་པོའམ་གད་མོ་འཆོར་དགོས་པ་ཞིག་ལ། ལོ་འདིའི་དབྱར་དུས་སུད་སིའི་རྒྱལ་ས་བྷེན་དུ་རྟེན་གཞི་བྱས་པའི་རྒྱ་དམར་གཞུང་ཚབ་ཀྱི་ལས་བྱེད་བོད་མི་ཞིག་གིས། སུད་སིར་གནས་སྡོད་བོད་མི་ཁག་ཅིག་རྒྱ་ནག་གཞུང་འབྲེལ་གྱིས་མགྲོན་འབོད་སྣེ་ལེན་བྱས་ནས་བོད་ལ་བསྐྱོད་སྐབས། མགྲོན་པོ་རྣམས་ལྷ་ས་གོང་དཀར་གནམ་ཐང་ནས་ཕྱི་ལ་བཏང་ཡང་། གདན་ཞུ་བྱེད་མཁན་སུད་སི་གཞུང་ཚབ་ཀྱི་ལས་བྱེད་པ་དེའི་ཐོབ་དཔང་ནང་ཕ་ཡུལ་མཚོ་སྔོན་ཞིང་ཆེན་ཡིན་པས། མཚོ་སྔོན་ནས་ཡིན་པ་གང་ཞིག་ལྷ་སར་བསྐྱོད་ཆོག་པའི་དམིགས་བསལ་ཆོག་མཆན་མེད་སྟབས་འགྲོ་མི་ཆོག་ཅེས་གནམ་ཐང་གི་ཉེན་རྟོག་པས་ཆུ་ཚོད་གཉིས་བཀག་པའི་གནས་ཚུལ་ཡང་བྱུང་འདུག

ད་དུང་བོད་ནང་དུ་རང་དབང་ཆེན་པོ་ཡོད་པའི་ལྟ་ཚུལ་འཛིན་མཁན་ཡོད་ཀྱང་། དོན་དུ་ཟ་བཏུང་གི་དཀའ་ངལ་མེད་པ་ཙམ་ཞིག་ཏུ་གྱུར་ཡོད་པ་དང་། རང་ཉིད་ཀྱི་སྡོད་གནས་ཉེ་འགྲམ་ནས་ཕན་ཚུན་འགྲོ་བསྐྱོད་བྱེད་པ་སོགས་ལ་རང་དབང་ཕྲན་བུ་ཡོད་ནའང་། ཆབ་སྲིད་དང་འབྲེལ་བའི་ཐོག་ནས་རང་དབང་གཏན་ནས་མེད་པ་དང་། ཐ་ན་གཞུང་གི་ངོས་ནས་སྤྱི་དམངས་ལ་སྤྲད་པའི་ཐོབ་ཐང་ཕྱི་བསྐྱོད་ལག་འཁྱེར་ཡང་གཞུང་བཞེས་བཏང་ནས་ཕྱིའི་རྒྱལ་ཁབ་ཁག་ཏུ་འགྲོ་མི་ཆོག་པ་བཟོས་པ་དེ་གཅིག་པུས། བོད་ནང་དུ་ཡོད་པའི་བོད་མི་རྣམས་ལ་རང་དབང་གི་ཚད་གཞི་ག་ཚོད་ཙམ་སྤྲད་ཡོད་མེད་དེ་ར་སྤྲོད་བྱས་ཡོད། སྤྱིར་ཟས་གོས་ནི་མིའི་སྤྱི་ཚོགས་ཀྱི་གཞི་རིམ་དགོས་མཁོ་ཞིག་ཡིན་པ་ལས། ཟས་གོས་ཡོད་པ་ཙམ་གྱིས་ཐམས་ཅད་འགྲིག་སོང་བ་ཞིག་མིན་པ་མ་ཟད། ད་ལྟའི་ཆར་བོད་ས་སྟོད་སྨད་བར་གསུམ་གྱི་དགོན་སྡེ་ཁག་དང་། མི་ཚང་སྒེར་བཅས་སུ་རྒྱ་དམར་གཞུང་གི་མགོ་ཁྲིད་མའོ་ཙི་ཏུང་དང་། ཏིང་ཞོ་ཕིན། ཅང་ཙེ་མིན། ཧུའུ་ཅིན་ཐའོ། ཞི་ཅིན་ཕིན་བཅས་ཀྱི་འདྲ་པར་བཙན་དབང་གིས་མཆོད་གཤོམ་ནང་སྒྲིག་བཅུག་ཡོད།

ད་ལྟ་བོད་རྒྱ་དམར་གཞུང་གི་བཙན་དབང་འོག་ཡོད་པས་བོད་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་རྒྱ་དམར་གཞུང་རེད་ཅེས་བརྗོད་སྲིད་པ་ཞིག་ཡིན་ཡང་། ལྷ་ཁང་དང་དགོན་སྡེ་ཁག་ཏུ་ཆོས་གཏན་ནས་ཁས་མི་ལེན་པ་མ་ཟད། ཆོས་ལ་དུག་ཏུ་བརྩི་བའི་རྒྱ་དམར་གཞུང་གི་དཔོན་རིགས་རྣམས་ཀྱི་སྐུ་པར་སྒྲིག་གཤོམ་བྱེད་བཅུག་ན། དོན་གྱིས་གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པ་དང་། ཕྱོགས་གཅིག་ནས་རྒྱ་གཞུང་གིས་བོད་མི་དང་བོད་ཀྱི་ཆོས་དང་རིག་གནས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པ་ཞིག་ཏུ་གྱུར་ཡོད། འོན་ཀྱང་དེ་ལྟར་བྱེད་དགོས་པའི་རྒྱབ་ལྗོངས་གཙོ་བོ་དེ་ད་ལྟའི་ཆར་དམ་དྲག་གི་ལས་འགུལ་དེ་ལྟ་བུ་ཞིག་མ་སྤེལ་ན་བོད་པའི་སྤྱི་ཚོགས་ནང་རྒྱ་གཞུང་ལ་ཡིད་ཆེས་མེད་པ་དང་། རྒྱ་གཞུང་ལ་རང་བཞིན་གྱིས་དགའ་སྣང་དང་མི་མང་ཁྲོད་བརྟན་ལྷིང་གི་གནས་སྟངས་མེད་པ་དེའང་ཤུགས་ཀྱིས་རྟོགས་ཐུབ་པ་ཞིག་རེད། དེར་བརྟེན་བོད་ནང་དུ་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པའི་མཐོང་ཚུལ་ཡོད་ཚུལ་བརྗོད་མཁན་དག་གིས་དོན་གྱིས་བོད་ཀྱི་གནས་སྟངས་ངོས་འཛིན་བྱེད་སྟངས་ནོར་བ་ཞིག་ཏུ་གྱུར་ཡོད།

མདོར་ན་ད་ལྟའི་ཆར་ཧོང་ཀོང་གི་གནས་སྟངས་དང་། ཤར་ཏུར་ཀི་སི་ཐན་གྱི་གནས་སྟངས། བོད་ནང་གི་གནས་སྟངས་བཅས་ཕྱོགས་གང་ནས་བལྟས་ཀྱང་། རྒྱ་དམར་གཞུང་གིས་དམ་དྲག་ཆེན་པོ་བྱེད་བཞིན་པ་ནི། ཡུལ་གྲུ་དེ་དག་ཏུ་རྒྱ་གཞུང་གི་མགོ་ཁྲིད་ལ་དགའ་སྣང་མེད་པ་དང་། རྒྱ་དམར་གཞུང་གི་འཛིན་སྐྱོང་གིས་བློ་ཁ་མ་ཁེངས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པས། གང་དུ་ངོ་རྒོལ་ཡོད་ཀྱང་དེ་རུ་བཙན་གནོན་ཡོད་ཅེས་པའི་ཆོད་སྡོམ་བཞིན། ས་གནས་དེ་དག་ཏུ་རྒྱ་གཞུང་གི་མགོ་ཁྲིད་ལ་མི་འདོད་པ་དང་། རྒྱ་དམར་གཞུང་གི་དབང་བསྒྱུར་ལམ་ལུགས་ལ་མི་དགའ་བའི་གནས་སྟངས་ཇི་སྙེད་ཅིག་ཡོད་མ་ཟད། གནས་སྟངས་དེ་ལ་བརྟེན་ནས་རྒྱ་དམར་གཞུང་ལ་ཉེན་ཁ་ཆེན་པོ་ཞིག་ཏུ་འགྱུར་ངེས་པའི་གནས་སྟངས་ལ་བརྟེན་ནས་དམ་དྲག་བྱེད་བཞིན་ཡོད་པ་རེད། དེར་བརྟེན་༧གོང་ས་མཆོག་གིས་ཉེ་ཆར་གསུངས་པ་བཞིན་རྒྱ་གཞུང་གི་སྲིད་དབང་དེ་ཞི་བདེ་བག་ཕེབས་ཀྱི་ཐོག་ནས། མུ་མཐུད་གནས་མི་ཐུབ་པའི་སེམས་ཁྲལ་དེ་རྒྱ་གཞུང་གི་དཔོན་རིགས་ཁག་ལའང་ཡོད་པའི་རྣམ་པ་ཕྱིར་མངོན་པ་རེད།།

Leave a Reply

Your email address will not be published. Required fields are marked *

ཁྱེད་ཀྱིས་གཟིགས་མེད་སྲིད།