དམག་འཁྲུག་ལ་བརྟེན་ཨི་ཇིབ་ཀྱིས་རྒྱ་གར་ནས་གྲོ་ཉོ་གཏན་ཁེལ།
ཟླ་འདིའི་ཚེས་༡༥ ཉིན་The Week ཞེས་པའི་དུས་དེབ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཀྱི་ཉིན་ཨི་ཇིབ་ཀྱི་ཚོང་དང་བཟོ་ལས་བློན་ཆེན་གྱིས་རྒྱ་གར་ནས་གྲོ་ནང་འདྲེན་བྱེད་རྒྱུ་ལ་བཀའ་ཁྲོལ་གནང་ཡོད་འདུག
ཕྱི་ལོ་༢༠༢༠ ལོ་ཨི་ཇིབ་ཀྱིས་ཨུ་རུ་སུའི་རྩ་ནས་ཨ་སྒོར་ཐེར་འབུམ་$༡.༨ གྱི་གྲོ་ཉོས་ཡོད་པ་དང་། ཡུག་རེན་གྱི་ས་ནས་ཨ་སྒོར་ས་ཡ་$༦༡༠.༨ གྱི་གྲོ་ཉོས་ཡོད་འདུག་པས། ཨི་ཇིབ་རྒྱལ་ཁབ་ནི་ཨུ་རུ་སུ་དང་ཡུག་རེན་གྱི་རྩ་ནས་གྲོ་ནང་འདྲེན་བྱེད་མཁན་གྱི་རྒྱལ་ཁབ་ཆེ་ཤོས་དེ་ཡིན་འདུག་ཀྱང་། འདས་པའི་ཟླ་བ་གཅིག་ལྷག་གི་རིང་ཨུ་རུ་སུ་དང་ཡུག་རེན་གཉིས་ བར་གྱི་དཀའ་རྙོག་དེའི་དབང་གིས་གོ་ལ་སྤྱི་ཡོངས་ཀྱི་ཁྲོམ་རའི་ཁྲོད་དུ་གྲོ་མཁོ་འདོན་བྱེད་ཚད་ཆག་པའི་གནས་ཚུལ་སྤེལ་འདུག
ཕྱི་ལོ་༢༠༢༡ ཟླ་བ་༤ ནས་༢༠༢༢ ཟླ་༡ པོའི་བར་རྒྱ་གར་གྱི་གྲོ་ཕྱིར་འདྲེན་གྱི་བརྒྱ་ཆ་ནི་ལོ་སྔོན་མའི་ཨ་སྒོར་$༣༤༠.༡༧ དང་བསྡུར་ན་ཨ་སྒོར་ཐེར་འབུམ་$༡.༧༤ འཕར་ཡོད་པ་དང་། ཕྱི་ལོ་༢༠༡༩ ནས་༢༠༢༠ བར་གྲོ་ཕྱིར་འདྲེན་ནི་ཨ་སྒོར་ས་ཡ་$༦༡.༨༤ ཡིན་པ་དང་། ༢༠༢༠ ནས་༢༠༢༡ བར་ཨ་སྒོར་ས་ཡ་$༥༤༩.༦༧ འཕར་ཡོད་པའི་གནས་ཚུལ་ཐོན་འདུག
རྒྱ་གར་གྱི་གྲོ་ཕྱིར་འདྲེན་བྱེད་ས་གཙོ་བོོ་ནི་ཁྱིམ་མཚེས་རྒྱལ་ཁབ་ཧིན་དྷུ་ནི་ཤི་ཡ་དང་། ཨབ་གྷན་ནེ་སི་ཐན། བྷིང་ལ་དྷི་ཤི། ཁ་ཐཪ། ཡེ་མེན། ཤྲི་ལང་ག་དང་མ་ལེ་ཤི་ཡ་བཅས་ཡིན་འདུག
རྒྱ་གར་གྱི་གྲོ་ཕྱིར་འདྲེན་ནི་བརྒྱ་ཆ་གཅིག་ལས་ཉུང་ན་ཡང་། ཕྱི་ལོ་༢༠༡༦ ནས་༢༠༢༠ བར་རྒྱ་གར་གྱི་གྲོ་ཕྱིར་འདྲེན་གྱི་བརྒྱ་ཆ་ནི་༠.༡༤ ནས་༠.༥༤ བར་འཕར་ཡོད་པ་འདུག ཕྱི་ལོ་༢༠༢༠ ལོ་རྒྱ་གར་གྱི་གྲོ་ཡི་ཐོན་སྐྱེད་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་གྲོ་ཡི་ཐོན་སྐྱེད་ཀྱི་བརྒྱ་ཆ་༡༤.༡༤ ཟིན་ཡོད་པར་བརྟེན། འཛམ་གླིང་ཐོག་གྲོ་ཡི་ཐོན་སྐྱེད་བྱེད་ཨང་གཉིས་པར་འགྱུར་ཡོད་འདུག
རྒྱ་གར་གྱི་ནང་དུ་ཡང་གྲོ་ཡི་ཐོན་ཁུངས་ཡག་ཤོས་ནི་བྷི་ཧར། པན་ཇབ། ཧ་རི་ཡ་ན། ར་ཧི་སི་ཐན་དང་མ་དྷི་ཡ་མངལ་སྡེ་དང་། ཨུ་ཏར་མངའ་སྡེ་བཅས་ཡིན་འདུག
གཞན་ཡང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ལ་བལྟས་ན། ཕྱི་ལོ་༢༠༡༩ ལོ་ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་གྲོ་ཕྱིར་འདྲེན་གྱི་བརྒྱ་ཆ་༢༥.༤ ཟིན་ཡོད་པ་དང་། ལྷག་པར་དུ་ཨི་ཇིབ་ཀྱིས་གྲོ་ཡི་བརྒྱ་ཆ་༧༠ ནི་རྒྱལ་ཁབ་དེ་གཉིས་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུ་ནི་རྒྱལ་སྤྱིའི་ཐོག་གྲོ་ཕྱིར་འདྲེན་བྱེད་མཁན་རྒྱལ་ཁབ་ཨང་དང་པོ་དེ་ཡིན་འདུག
གསར་འགོད་པ་རྒྱ་མཚོ།